ཉི་མ་ལྷ་སར་མཇལ་བ།

བཀྲ་ཤིས་ཆོས་ལྡན།        2019-11-20

    ལྷ་ས་དག་པའི་ཞིང་ཁམས།  བྱིས་པའི་དུས་སུ་དམངས་ཁྲོད་ཀྱི་ངག་རྒྱུན་ཞིག་ཏུ་“ལྷ་ས་དག་པའི་ཞིང་ཁམས།།མ་དག་གཟེར་མ་ར་མགོ།”ཞེས་པའི་ཀུན་ཁྱབ་ངག་རྒྱུན་ཞིག་དང་། ཡང་ན།“ལྷ་ས་དག་པའི་ཞིང་ལ།།འགྲོ་འདོད་བསམ་པ་འཁོར་བྱུང་།།”ཞེས་པའི་དམངས་གཞས་སྙན་མོ་དེ་ཉིད་རྒན་གཞོན་བར་མ་ཀུན་གྱིས་ངག་ནས་མ་ཎི་འདོན་པ་བཞིན་དུ་འུར་འུར་དུ་གྱེར་བ་ཡང་ཡང་ཐོས་ཤིང་ད་ལྟ་དྲན་འཛིན་གྱི་ལམ་དུའང་གསལ་ལྷང་ལྷང་རེད།

    དུས་དེ་ནས་བཟུང་ལྷ་ས་དག་པའི་ཞིང་ཁམས་ཞེས་པའི་འཆར་སྣང་གིས་གྲུབ་པའི་རྟོག་ངོར་གྱི་ཞིང་ཁམས་དེ་ནི། བདག་ལ་མཚོན་ན་ཆེས་རྟོག་བཏགས་རང་བཞིན་གྱི་རྨི་ལམ་རིང་མོ་ཞིག་ཏུ་གྱུར། དཔྱིད་གསུམ་ཁུ་བྱུག་འཇོལ་མོ་སོགས་ཀྱི་སྙན་པའི་གྲེ་འགྱུར་སྣ་ཚོགས་ནི་ལྷ་སའི་འབོད་བརྡ་རུ་མོས་ཤིང་།   དབྱར་གསུམ་ཡངས་པའི་སྤང་ལྗོངས་ཁྲོད་ཀྱི་མཛེས་པའི་མེ་ཏོག་ཁྲ་ཚོམ་ནི་ལྷ་སའི་གཟི་དཔལ་དུ་བརྩིས།   སྟོན་གསུམ་དག་པའི་མཁའ་དབུགས་ཀློང་གི་ཞིམ་པའི་འོ་ཞོ་མར་གསུམ་ནི་ལྷ་སའི་དངོས་གྲུབ་ཏུ་བསྒོམས་ཤིང་། དགུན་གསུམ་རྡུལ་གྱི་ལྷགས་རླུང་ནང་གི་ཁ་བའི་འདབ་མ་དྲུག་པ་ནི་ལྷ་སའི་སྙན་ངག་ཏུ་བསྒྲགས་མྱོང་།

    ལྷ་ས་དག་པའི་ཞིང་ཁམས། ཁྱོད་ནི་བདག་གི་སེམས་ཀྱི་གཟེབ་ཏུ་བཞེངས་པའི་ཞེན་ཆགས་ཀྱི་བློས་བསླངས་དེ་ཡིན་སྲིད་ལ། ཡང་ན། ཡིད་ཀྱི་བར་སྣང་དུ་ལྡིང་བའི་ཐང་དཀར་རྒོད་པོ་དེའང་ཡིན་སྲིད།   ཡང་ན། ཁྱོད་ནི་སུམ་ཅུ་རྩ་གསུམ་གྱི་བཀོད་པ་མི་ཡུལ་དུ་འཕོས་པའི་སྒྱུ་འཕྲུལ་དྲ་བ་དེ་ཡིན་སྲིད་དམ།  ཡང་ན། ཀླུ་རྒྱལ་གཙུག་ན་རིན་ཆེན་གྱིས་འཇིག་རྟེན་མི་ཡུལ་དུ་འཐེན་པའི་འཇའ་ཡི་ལང་ཚོ་དེ་ཡིན་སྲིད།  ཡང་ན། ཁྱོད་ནི་དྲི་ཟའི་རྒྱུད་མངས་ཀྱིས་བཞེངས་པའི་ཟློས་གར་གྱི་ཆོས་འཕྲུལ་ཞིག་ཡིན་སྲིད་དམ།  ཡང་ན། པིར་གྱི་འཁྱུགས་རྩལ་ལས་མཆེད་པའི་ཐང་གའི་སྒྱུ་རྩལ་དེ་ཡིན་སྲིད།

   ལྷ་ས་དག་པའི་ཞིང་ཁམས། ཁྱོད་རང་ནི།  འཛམ་གླིང་སྟེང་གི་ལྷ་ཀླུ་གཉན་གསུམ་ཐམས་ཅད་འདུས་པའི་ལྐོག་གྱུར་གྱི་དཀྱིལ་འཁོར་ཆེན་པོ་ཞིག་སྟེ། ཁྱོད་རང་དཔྱོད་ལྡན་སུ་ཞིག་གི་བློ་ཡི་མཚེར་ས་ནས་ཐོལ་གྱིས་བརྒལ་བའི་གསང་བའི་འཇིག་རྟེན་ཞིག་ཡིན་པར་གཏན་འཁེལ་ཡིན་པས་ནའོ།།

    རྨི་ལམ་ལྟ་བུའི་ཉིན་ཞག་འདི་དག་ལ་ངས་བར་སྐོར་ལམ་ནས་སྐད་གསེང་མཐོན་པོས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བསྙེན་པ་དབྱངས་སུ་གྱེར་བཞིན་རྐྱང་ཕྱག་མང་པོས་རྔུལ་ཆུའི་ཐིགས་པ་བཙན་གྱིས་བསགས། འཇའ་ཚོན་ལྟ་བུའི་གྲོང་ཁྱེར་འདི་ནས་ང་རང་འཁོར་འདོད་ས་ནི་རེ་ཞིག་ཁྲོམ་གཟིགས་སྒང་དང་པོ་ཏ་ལའི་མདུན་ཐང་རེད། དེ་ནས་ངས་མི་སྒེར་ལ་མཁོ་བའི་ནོར་བུ་རྩ་ཆེན་ཞིག་བཙལ་ཞིང་། གྲོགས་ཁྱོད་ལ་འཚམས་པའི་གཞས་དབྱངས་སྙན་མོ་ཞིག་ཀྱང་རྙེད།

     ལྷ་ས་དག་པའི་ཞིང་ཁམས། ང་རང་ཁྱོད་ཀྱི་བྲང་ཁར་འབྱར་ཏེ་ཁྱོད་ནི་ངའི་སྙིང་གི་ཞིང་ཁམས་སོ་ཞེས་པའི་ཚིག་འགའ་སེམས་ཀྱི་ངོས་ལ་འབྲི་བར་འདོད། ངའི་སྣང་ངོ་ཞིག་ལ་ལྷ་སའི་ལྷ་ནི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་ཞིང་ལྷ་སའི་ས་ནི་ཟག་མེད་ཀྱི་རང་མདངས་ཡིན་པའི་རྒྱུ་མཚན་རྙེད། ད་དུང་།  ཨ་མས་བཤད་ན་ལྷ་སའི་སྐྱིད་ཆུ་ནི་ལྷ་ཡི་བདུད་རྩི་ཡིན་ལ། ལྷ་སའི་གླིང་ཕྲན་ནི་འཕགས་མཆོག་མིག་མི་འཛུམ་པའི་ཞིང་ཁམས་ཡིན་ཟེར། གང་ལྟར།   དུས་ཚོད་ཐུང་ཐུང་འདིར་གནས་བཤད་པ་དང་སྣེ་ཁྲིད་པའི་སྤྲོས་པ་མེད་སྟབས།  རྡོ་འབུར་ས་འབུར་རེ་མཐོང་དུས་དམ་པ་གང་ཞིག་གི་བྱིན་རླབས་ཡོད་པར་བསྒོམས་ནས་སོང་ཞིང་། བྲག་ཁུང་ས་ཁུང་རེ་རིག་དུས་གྲུབ་ཆེན་གང་ཞིག་གི་སྒྲུབ་གནས་ཡིན་པའི་ཡིད་ཆེས་བྱས་ནས་ཆས།

    ལྷ་ས་དག་པའི་ཞིང་ཁམས། ཁྱོད་ལ་ཅིའི་ཕྱིར་རྒྱ་མཚོའི་རླབས་རྒྱུན་ལྟར་འཕྱོ་བའི་སྙན་པའི་གྲགས་པ་ཡོད། ཁྱོད་ལ་ཅིའི་ཕྱིར་རྣམ་དཔྱོད་མངའ་ཐང་གིས་བསྐྲུན་པའི་རྟག་བརྟན་གྱི་རྡོ་རིང་ཡོད། ཁྱོད་ལ་ཅིའི་ཕྱིར་དད་གསུམ་འོད་སྟོང་གིས་འདྲེན་པའི་ཇོ་ཤག་རྣམ་གཉིས་ཡོད། ཁྱོད་ལ་ཅིའི་ཕྱིར་འཇའ་ཚོན་གུར་ཁང་བཞིན་མཛེས་པའི་ནོར་བུ་གླིང་ཁ་ཡོད།  ཁྱོད་ལ་ཅིའི་ཕྱིར་རྣམ་ཤེས་གྲངས་མེད་ཅིག་འགུགས་པའི་གཙུག་ལག་ཁང་གཉིས་ཡོད། ལྷ་ས་དག་པའི་ཞིང་ཁམས། ཁྱོད་ནི་དགོས་འདོད་ཀུན་འབྱུང་གི་མིག་སྐྱའི་གན་མཛོད་དེ་ཡིན་ནམ། ཡང་ན། མེས་པོའི་བློ་བཀོད་ཀྱིས་བཟོས་པའི་སྒྱུ་མའི་སྣོད་བཅུད་དེ་ཡིན།

    ལྷ་ས་དག་པའི་ཞིང་ཁམས། བདག་སེམས་དགུང་སྔོན་དབྱིངས་སུ་འཁོར་བའི་སྤྲིན་དཀར་གྱི་བགྲོད་པ་ཇི་བཞིན་སྡོད་ཚུགས་མེད་པར་ཁྱོད་རང་དྲན་ནོ།།

    སྐད་ཆ་གཞན་ཞིག་སྟེ། ལྷ་ས་དག་པའི་ཞིང་ཁམས་ལ་མཇལ་བའི་སྤྲོ་སྣང་དེས་ཡིད་སེམས་སྐྱོམ་པར་བྱེད་ནའང་། ལྷ་ས་ནས་ལྷག་ཏུ་མཇལ་བར་འདོད་པ་ནི་ཇོ་ཤག་རྣམ་གཉིས་མ་ཡིན་ལ། པོ་ཏ་ལ་དང་ནོར་བུ་གླིང་ཁ་ནི་དེ་བས་ཀྱང་མིན། ཁྱོད་ཀྱིས་བདག་ལ་རྒྱུ་མཚན་འདྲི་དུས། བདག་གིས་ཁྱོད་ལ་ལྷ་ས་ནས་ཆེས་མཇལ་བར་འདོད་པ་ནི་སེ་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་ཀྱི་ཆོས་རའི་རྡོ་གཅལ་ཡིན་ནོ་ཞེས་པའི་ལན་འབུལ་ངེས། དེའང་ལོས་ཡིན་ཏེ། སྟོད་མངའ་རིས་སྐོར་གསུམ་ནས་སྨད་མདོ་ཁམས་སྒང་དྲུག་བར་གྱི་སྐྱེས་ཆེན་དམ་པ་ནམ་མཁའི་སྐར་ཚོགས་ལྟ་བུ་ཞིག། ཆོས་ཀྱི་ར་སྐོར་འདི་དག་ནས་རྡོ་འཁྱག་གིས་སྔས་མགོ་དང་ས་འཁྱག་གིས་སྟན་མལ་བྱས་ནས་མཁས་པའི་རྒྱལ་ས་ཟིན་པའི་གནས་སུ་གྱུར་ཡོད་པས་སོ།།

   ཆོས་ཀྱི་གླིང་ག་འདི་དག་ནས་མཁས་དབང་གསེར་གྱི་རི་བོ་འདྲ་བ་མང་པོས་དྷི་སྐད་དང་ཐལ་ངག་མང་པོས་མདོ་སྔགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འབད་པས་གླེང་མྱོང་བས་ཡིན། ཆོས་ཀྱི་ཞིང་ཁམས་འདི་དག་ནས་སྦྱིན་སོགས་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་བསླབས་མྱོང་བས་ཡིན། ཆོས་ཀྱི་རྒྱལ་ས་འདི་དག་ནས་གཞན་ལ་མ་ལྟར་བརྩེ་བའི་ལྷག་བསམ་སྙིང་རྗེ་འཕེལ་མྱོང་བས་ཡིན།   ཆོས་ཀྱི་ར་བ་འདི་ནས་འགྲོ་ཀུན་བདེ་ལ་འགོད་པའི་གཞན་དོན་སེམས་བསྐྱེད་གོམས་མྱོང་བས་ཡིན།    ཆོས་ཀྱི་ཕོ་བྲང་འདི་དག་ནས་བསྐྱེད་རིམ་ལམ་ཁྱེར་གསུམ་དང་རྫོགས་པའི་རིམ་པ་ལྔ་པོ་བསྒོམས་མྱོང་བས་ཡིན།

    དེར་བརྟེན། བདག་གིས་ནི་གཙུག་ལག་ཁང་དང་ཇོ་ཤག་རྣམ་གཉིས། བར་སྐོར་གླིང་དང་ལྕགས་པོ་རི། པོ་ཏ་ལ་དང་ནོར་བུ་གླིང་ཁ་སོགས་ལས་ཀྱང་དགོན་གནས་འདི་དག་དང་ཆོས་ར་འདི་དག་ལ་གཟབ་གཟབ་ནན་ནན་གྱིས་མཇལ་དགོས་དོན།    ཞེན་ཁོག་ཉི་ཚེ་བ་ཞིག་དང་སྒེར་སེམས་རང་སྐྱ་བ་ཞིག་གིས་གང་འདོད་དུ་བཙན་ཁྲིད་དང་འཇབ་རྒོལ་བྱེད་པ་མིན་པར། བདག་ལ་གཞུང་ལུགས་ཚད་ལྡན་ཞིག་གིས་བགོ་སྐལ་དུ་བསྩལ་པའི་ཤེས་རབ་ཀྱི་འཇིག་རྟེན་ཆུང་ཆུང་ཞིག་ཡོད་པས་ཡིན་སྲིད། ཡང་ན། བདག་ལ་བསྟན་བཅོས་རྣལ་མ་ཞིག་གིས་ལེགས་སྐྱེས་སུ་གནང་བའི་དད་གསུམ་གྱི་མེ་ཏོག་ཆུན་པོ་ཞིག་ཡོད་པས་ཡིན།

    གང་ལྟར། དོན་དམ་པའི་སངས་རྒྱས་ཀྱི་བསྟན་པ་དངོས་ནི་ས་རྡོ་རི་བྲག་ལ་རྩལ་གྱིས་བརྐོས་པའི་སྐུ་བརྙན་དེ་དག་མ་ཡིན་ལ། རི་ལུང་ཕན་ཚུན་བར་སྦྲེལ་ནས་འཕྱར་བའི་དར་ལྕོག་དེ་དག་ཀྱང་མ་ཡིན། གྱང་ངོས་སུ་གསེར་གྱིས་བྲིས་པའི་ལྡེབས་རིས་དེ་དག་མ་ཡིན་ཞིང་། རི་འདབས་སུ་འབུར་འབུར་དུ་བརྩིགས་པའི་རྡེའུ་འབུམ་དེ་དག་ཀྱང་མ་ཡིན། གླིང་དབུས་སུ་བརྗིད་པོར་བཞེངས་པའི་འདུ་ཁང་དེ་དག་མ་ཡིན་ཞིང་། ཕྱི་རོལ་ཏུ་བང་རིམ་བཞིན་བརྩེགས་པའི་མཆོད་རྟེན་དེ་དག་ཀྱང་མ་ཡིན། མཆོད་ཁྲིའི་སྒང་ནས་ལྷམ་མེར་འགྱིངས་པའི་སྐུ་འདྲ་དེ་དག་མ་ཡིན་ཞིང་། བར་སྐོར་ལམ་ནས་འུར་འུར་དུ་གྱེར་བའི་འདོན་དབྱངས་དེ་དག་ཀྱང་མ་ཡིན།

    དེས་ན། ཡང་དག་པའི་སངས་རྒྱས་བསྟན་པ་དངོས་ནི་འདི་ལྟར་ཏེ། མཛོད་ལས། “སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།།དེ་འཛིན་བྱེད་པ་སྨྲ་བྱེད་པ།།སྒྲུབ་པར་བྱེད་པ་ཁོ་ན་འོ།།”ཞེས་རྨད་དུ་བྱུང་བའི་ལེགས་བཤད་འདི་ཉིད་དོ།། འདི་ནི་སངས་རྒྱས་ཀྱི་བསྟན་པ་ལ་འགན་ཁུར་བའི་ཁྱད་དུ་འཕགས་པའི་སྡོམ་ཚིག་ཅིག་སྟེ། སྡོམ་ཚིག་འདིས་སངས་རྒྱས་ཀྱི་བསྟན་པ་ལ་ལུང་དང་རྟོགས་པའི་བསྟན་པ་གཉིས་སུ་གྲངས་ངེས་པར་བསྒྲུབས་ཤིང་། དེ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལས་གཞན་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་སྟངས་ཤིག་མེད་པའང་ཚིག་ཐག་ཆོད་པོས་གསུངས།  དེར་བརྟེན། བདག་གིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཡུལ་གྱི་ཆོས་ར་འདི་དག་ལ་མཇལ་བ་ནི་རླབས་ཆེ་བའི་ཚོགས་གསོག་པའི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་མཐོང་བས་འདི་ལྟར་མཇལ་བ་ལགས་སོ།།


  • ལེ་ཚན་སྔོན་མ།:ང་དང་སློབ་གྲོགས་གངས་འཚོ་དང་རྩོམ་སྦྱོང་ར་བ།
  • ལེ་ཚན་རྗེས་མ།:མཛེས་སྡུག་གི་ཕ་ཡུལ།