གསང་བའི་ཚོགས་གཏམ།

བཀྲ་ཤིས་ཆོས་ལྡན།        2019-11-13

    མཁར་ཐག་རིམ་གྱིས་ཉེ་མགྱོགས་ལ་ཕྱིན་ནས་མཁར་རྔ་རྡུང་མཚམས་བཅད་ལ་ཉེ་བར་སླེབས་དུས་ཏག་ཏག་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་ནང་འབྱོར་མ་ཐག་པ་ཡིན། བྱིངས་འདྲེན་ཆེན་མོས་བྱམས་སོགས་ཚད་མེད་བཞི་ལས་བརྩམས་པའི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་འདོན་པའི་དབུ་འཛུགས་གནང་། “ཚིག་བཟང་པོ་ཞལ་ནས་གསུང་ཞིང་། དོན་བཟང་པོ་ཡིད་ལ་སྒོམ།”ཞེས་པའི་ཚོགས་ཆེན་དགེ་སྐུལ་ལགས་ཀྱི་ཚོགས་གཏམ་ལྟར། རྫ་གཞུང་གི་འབྲོག་དགོན་པ་འདིའི་ཁུ་སིམ་དང་ལྷིང་འཇགས་ཐོལ་གྱིས་དཀྲོགས་པའི་ཞོགས་ཀའི་འདོན་དབྱངས་སྙན་མོ་དེ་ནི། གཟབ་གཟབ་ནན་ནན་གྱིས་ཇི་ལྟར་ཉན་ཡང་དགེ་འདུན་པ་གཅིག་གི་ཞལ་ནས་གསུངས་པའི་འདོན་རྟ་ཇི་བཞིན་དད་པའི་ཨ་ལོང་གྱེན་དུ་འདྲེན་པའི་དབྱངས་ཀྱི་ལྕགས་ཀྱུ་ཞིག་དང་གཉིས་སུ་མི་འདུག།

    རླུང་བུས་དལ་གྱིས་བསྐྱོད་པའི་སྟོན་མཇུག་གི་ཞིང་ཁ་ཇི་བཞིན་དགེ་འདུན་འདུས་པ་རྒྱ་མཚོའི་བཞུགས་སྟངས་ནི། “མདུན་ནས་བལྟས་ན་རྣོན་པོའི་རལ་གྲིས་བཅད་པ་འདྲ་བ། རྒྱབ་ནས་བལྟས་ན་ལྕགས་ཀྱི་ཨ་ལོང་སྒོར་བ་ལྟ་བུ། མིག་སྣ་རྩེར་ཕབ་པ། ལྕེ་རྩེ་རྐན་ལ་སྦྱར་བ། ལག་པ་མཉམ་བཞག་བྱས་པ། རྐང་པས་དཀྱིལ་དཀྲུང་བཅའ་བ། སྐེད་པ་དྲང་པོར་བཞུགས་པ། རྒྱབ་རྒྱབ་མཉམ་མ་ཡོང་ནའང་མདུན་མདུན་མཉམ་ཡོད་དགོས། ”ཞེས་པའི་དགེ་སྐུལ་ལགས་ཀྱི་ཚོགས་གཏམ་ལྟར། ཕྱོགས་གང་ཐད་ནས་ཀྱང་བསྟར་གྲལ་འགྲིགས་ཤིང་ཀུན་སྤྱོད་ལེགས་པའི་མཐུན་དཔེ་རུ་འགོད་ཆོག་པ་ཞིག་སྟེ། “ཕྱི་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན། ནང་འབྱོར་ལྡན་བསོད་ནམས་བསག་པའི་ཞིང་ས། ”ཞེས་པའི་དགེ་སྐུལ་གྱི་ཚོགས་གཏམ་ལྟར། དད་ལྡན་སྐྱེ་བོ་ཀུན་གྱི་དང་བའི་དད་པ་དང་ཡིད་ཆེས་ཀྱི་དད་པ། མངོན་པར་འདོད་པའི་དད་པ་སྟེ་དད་པ་གསུམ་གྱི་འདབ་མ་ལྷུག་པོར་གྲོལ་བའི་ཡུལ་མི་ཀུན་གྱིས་འོག་མིན་སྟུག་པོ་བཀོད་པ་ཞིག་ཏུ་ཅིས་ཀྱང་རྩིས་ཆོག་པ་དེའོ།།

    ཆབ་རིལ་གྱིས་ཅོང་བརྡ་བཏང་མ་ཐག་ཏུ་གཉུག་མར་གནས་པ་དང་གློ་བུར་བའི་དགེ་སློང་གི་ཚོགས་ལ་བསྙེན་བཀུར་བྱེད་པར་རབ་ཏུ་སྤྲོ་བའི་དགེ་ཚུལ་སྐོར་ཞིག་གིས་བླ་གོས་ཕྲག་པ་གཡས་སུ་གཟར་ཏེ། བསྲུབས་ཇ་ཁོལ་མའི་གསོལ་ཇ་འདྲེན་ཕྱིར་གདོང་གྲལ་དང་ནུབ་མའི་གྲལ། ཤར་མའི་གྲལ་སོགས་ཀྱིས་མཚོན་པའི་ཚོམས་ཆེན་གྱི་གྲལ་བར་སོ་སོར་ཕེབས་ནས། དད་གུས་ངང་གཟབ་ནན་གྱིས་མང་ཇ་འདྲེན་ཞིང་སླར་ཡང་དགེ་ཚུལ་ཆུང་ཆུང་ཞིག་གིས་དགེ་འདུན་པ་རེ་རེའི་མདུན་དུ་ཕེབས་ནས། ཕུད་མཆོད་བཅའ་བྱེད་ཀྱི་སིལ་རྩམ་ཉུང་ཤས་རེ་རུབ་པའི་ལས་བྱེད། དེ་ཡང་། དགེ་འདུན་པས་མང་ཇ་བཞེས་སྐབས་སུ་འདུ་ཁང་གི་རྒྱ་མཐོང་ཁ་ནས་ནས་འབྲུ་གཅིག་ལྷུང་པའི་ཐག་སྒྲའང་ཐོས་ནུས་ཞེས་པའི་དཔེ་ལྟར། ཧ་ཅང་འཇམ་ཅག་གེར་དམ་ཆོས་འདུལ་བའི་དགོངས་དོན་ལྟར་ཚུལ་མཐུན་ལུགས་མཐུན་གྱིས་གསོལ་ཚིགས་ལ་རོལ་བ་ཞིག་སྟེ། འདུལ་བའི་གཞུང་ལུགས་རྣམས་སུ། ཙུག་ཙུག་ཟ་བ། ཅག་ཅག་ཟ་བ། ཕུ་ཕུ་ཟ་བ། ཧུ་ཧུ་ཟ་བ་སྟེ་ཟ་བའི་ཉེས་བྱས་བཞི་པོ་སྤངས་ཞིང་། ཟས་ཁམ་འཕྲོ་ཆེན་པོ་བཅད་དེ་ཟ་བ་མ་ཡིན་པ། འབྲུ་རེ་རེ་ནས་ཟ་བ་མ་ཡིན་པ། གཡས་གཡོན་དུ་སྟོར་བ་མ་ཡིན་པ། མགོ་བོ་སྒུར་ཏེ་ཟ་བ་མ་ཡིན་པ། ཁ་གདངས་ནས་ཟ་བ་མ་ཡིན་པ། ཟས་འགྲམ་པའི་གཡས་གཡོན་དུ་བརྗེས་ནས་ཟ་བ་མ་ཡིན་པ་སོགས་ཟས་ཟ་བའི་སྐབས་ལའང་སྒྲིག་ཁྲིམས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཞིག་གོ། གཞན་ལས་གོ་ཐོས་ལྟར་ན། གནས་བརྟན་སྡེ་བའི་ལུགས་སྲོལ་དར་ཁྱབ་ཆེ་སའི་ཐེ་ལན་ཏྲ་སོགས་རྒྱལ་ཁབ་རེ་ཟུང་ན། རྨད་དུ་བྱུང་བའི་སངས་རྒྱས་ཀྱི་འདུལ་ཁྲིམས་འདི་དག་རྒྱལ་ཁབ་གཞུང་གི་ཁྲིམས་སུ་བཅས་ཡོད་པ་དག་ཀྱང་རྒྱུ་མཚན་དང་དགོས་པ་ངེས་ཅན་དུ་ཡོད་པར་ངེས་སྙམ་པའི་གཏན་ཚིགས་བྱུང་།

    མང་ཇ་བཞེས་པའི་གྲལ་མཚམས་དང་བསྟུན་གོམས་སྲོལ་ལྟར་དགེ་སྐུལ་ལགས་གདོང་གྲལ་གྱི་གྲལ་བར་དུ་ཕེབས་ནས་ཚུགས་ཀ་དོད་པོས་མགོ་སྐྱབས་འཇུག་དང་འབྲེལ་ཏེ་ཚོགས་གཏམ་གནང་བ་འདི་ལྟར། “སྤྱིར་དགེ་འདུན་དམངས་ཀྱིས་སྒྲིག་ལམ་ཁུར་སྟངས་དང་སྡོམ་ཁྲིམས་སྲུང་ལུགས། འཆད་ཉན་མཛད་སྟངས་དང་སྒོམ་སྒྲུབ་གནང་ཚུལ་སོགས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་མིག་དཔེར་ལྟ་འོས་པ་ཞིག་མཛད་ཀྱིན་པ་ལགས་པས། འདི་ནས་མཁས་པའི་དབུས་སུ་བླུན་པོས་ཆོས་བཤད་དང་། ཡང་ན། སྟོན་པའི་མདུན་ནས་ཀུན་དགའ་བོས་ཅ་ཅོ་སྒྲོག་དགོས་དོན་མི་འདུག་ནའང་། མཁས་པ་ལ་དྲན་གསོ་དང་རྣོན་པོ་ལ་སོ་ཕྱུང་། ཞེས་པའི་དཔེ་ལྟར། ང་རང་ཚོས་ཉིན་མཚན་དུས་དྲུག་ཀུན་ཏུ་ཐུགས་བསམ་བཞེས་དགོས་པ་ཉག་གཅིག་ཡོད་པ་དེ་ནི། ཁྱོད་རང་ཅིའི་ཕྱིར་གྲྭ་བཙུན་བྱས་པ་ཡིན། ཁྱོད་རང་གང་གི་དོན་དུ་རབ་བྱུང་བསྒྲུབས་པ་ཡིན་ཞེས་རང་གིས་རང་ལ་ཚ་འདྲི་གཏོང་བ་དེའོ། །ང་ཚོས་ཅི་ཞིག་གི་ཕྱིར་དུ་སྐྲ་ནག་པོ་བླ་མའི་ཕྱག་ཏུ་ཕུལ་ཞིང་གོས་དཀར་པོ་ཨ་མའི་པང་དུ་བཞག་པ་རེད། ང་ཚོས་ཅིའི་ཕྱིར་རང་ལ་ལྷན་སྐྱེས་སུ་ཡོད་པའི་གནག་སྣུམ་མཛེས་པའི་སྐྲ་ལོ་རལ་གྲིས་གཏུབས་པ་རེད། ང་ཚོས་ཅིའི་ཕྱིར་དྲོད་འཇམ་གོས་ཀྱི་ཕུ་ཐུང་རྩ་བ་ནས་བཅད་པ་རེད། བཙོན་དུ་ལྷུང་ནས་མགོ་ཡི་སྐྲ་ལོ་བྲེགས་པ་མ་རེད་ལ། མགྲོན་དུ་བོས་ནས་གོས་ཀྱི་ཕུ་ཐུང་བཅད་པའང་མ་ཡིན་པར། དེ་ནི་རང་མོས་དང་རང་གྲོལ་གྱིས་འཇིག་རྟེན་པ་ཀུན་དང་མི་མཚུངས་པའི་ལམ་ཕྱོགས་གཞན་པ་ཞིག་ཏུ་ཆས་ཟིན་པའི་རྟགས་དང་མཚན་མ་རེད།

    རེད་ལགས། འདི་ཕྱིའི་གཏན་གྱི་སྐྱབས་གནས་དམ་པ་དགེ་འདུན་འདུས་ཚོགས་རིན་པོ་ཆེ་ལགས། ང་རང་ཚོས་རྒྱུ་མཚན་གང་འདྲ་བ་ཞིག་གི་དོན་དུ་གོས་བརྗེས་པ་རེད། དམིགས་འདུན་ཅི་འདྲ་བ་ཞིག་གི་ཆེད་དུ་མིང་བརྗེས་པ་རེད། ཕུགས་བསམ་ཅི་ལྟ་བུ་ཞིག་གི་སླད་དུ་སེམས་བརྗེས་པ་རེད་ལགས། ཚད་མ་རྣམ་ངེས་ལས། བརྟགས་ནས་འཇུག་པར་བྱེད་ཀྱི། ཞུགས་ནས་བརྟགས་པར་མི་བྱའོ།།ཞེས་པའི་ལེགས་བཤད་གནད་དུ་སྨིན་པ་དེར་ཐུགས་བསམ་རེ་བཞེས་དང་། གཞུང་དེར་དངོས་བསྟན་དང་ཤུགས་བསྟན། ཚིག་དོན་དང་སྦས་དོན་བཅས་ལ་གོ་ཚུལ་སྣ་མང་ཞིག་མི་འདུག་གམ། དེར་བརྟེན། ང་ཚོས་ཐོས་བསམ་སྒོམ་སྒྲུབ་དང་འཆད་ཉན་ཉམས་ལེན་གང་ཞིག་མཛད་ནའང་ཁ་ཕྱིར་བལྟས་ཀྱི་སློབ་སྦྱོང་ཞིག་ཏུ་མ་སོང་བ་ཞིག་ཅིས་ཀྱང་གལ་ཆེའོ།། མ་གཏོགས། སྐུ་ཚེ་དབེན་དགོན་ནས་རྫོགས་ཀྱང་། བསམ་པ་འདུ་འཛི་ལ་ཕྱོགས་ན། ས་འཁྱག་གི་སྔས་མགོ་དང་རྡོ་འཁྱག་གིས་སྟན་མལ་ཇི་ལྟར་བྱས་ནའང་ཕན་མེད་འབྲས་མེད་དུ་འགྱུར་བར་གདོན་མི་ཟའོ།།

    རེད་ལགས། ལུང་རྟོགས་ཡོན་ཏན་འབུམ་གྱིས་མངོན་པར་ཕྱུག་པའི་གནས་བརྟན་འཕགས་པའི་དགེ་འདུན་པ་རྣམ་པ་ལགས། མཁྱེན་གསལ་ལྟར། ང་ཚོ་ནི་བློ་ཐག་རྦད་ཆོད་ཀྱིས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་འཇུག་པའི་སྐྱབས་གནས་ངུར་སྨིག་གི་སྡེ་རུ་གཏོགས་པས། བསམ་སྤྱོད་གང་གི་ཐད་ནས་ཀྱང་ཁྱིམ་པ་ཕལ་བ་ཞིག་དང་གཏན་ནས་འདྲ་མི་རུང་ངོ་།། གལ་ཏེ་ཁྱིམ་པ་མི་ནག་པ་ཞིག་དང་ཁྱད་པར་མེད་ན། ང་ཚོ་ཅིའི་ཕྱིར། ཕྱག་བྱ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། བསོད་ནམས་བསག་པའི་ཞིང་དུ་བགྲང་འོས་པ་རེད། ཁ་དཔེར། སེང་གེ་གངས་ལ་བཞུགས་ན་སེང་གེ་རི་དྭགས་ཀྱི་རྒྱལ་པོ་ཡིན་ནའང་། སེང་གེ་གྲོང་ལ་རྒྱུག་ན་སེང་གེ་ནི་ཁྱི་རྒན་རྒྱ་བོ་ཞིག་དང་ཁྱད་པར་མེད་ཅེས་པ་དེ་ནི་གནས་ལུགས་ཅན་གྱི་སྐད་དུ་མཐོང་། ང་ཚོས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་གང་ལ་ཞུགས་ནའང་ཐུབ་པ་སངས་རྒྱས་ཀྱི་བཀའ་དགོངས་དང་མི་འགལ་ཞིང་། ཁོང་གི་ཡང་དག་པའི་གདམས་ངག་ལ་ཉམས་བཞེས་རེ་གནང་བ་གནད་ཀྱི་དོན་པོ་ཡིན་པར་ངེས་སོ།།

    རེད་ལགས། གཞུང་ལུགས་རབ་འབྱམས་རྒྱ་མཚོ་ལ་འཆད་རྩོད་རྩོམ་གསུམ་གྱིས་ཉིན་མཚན་འདའ་བའི་མཁས་པའི་དབང་པོ་རྣམ་པ་ལགས། ད་ལྟ་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་ཟང་ཟིང་གི་རྙེད་པ་འདི་དག་ནི་གསོན་པོའི་ན་ཚ་དང་གཟེར་ཟུག་གིས་ཕུལ་བའི་དད་རྫས་རེད། འདས་པོའི་རྣམ་ཤེས་དང་ཚེ་སྲོག་གིས་བྱིན་པའི་དཀོར་རྫས་རེད། གལ་ཆེ་བའི་གཞུང་ལུགས་དག་ཏུ་དཀོར་ཟས་ལ་ལོངས་སྤྱོད་ཚུལ་འགའ་གསུངས་པ་དག་ཀྱང་དྲན་དགོས་པ་ཞིག་སྟེ། དེར་དགྲ་བཅོམ་པས་བདག་པོའི་ཚུལ་གྱིས་ལོངས་སྤྱོད། འཕགས་པ་སློབ་པས་བྱིན་པ་བླངས་པའི་ཚུལ་གྱིས་ལོངས་སྤྱོད། ཚུལ་ཁྲིམས་དང་ལྡན་ཞིང་དགེ་སྦྱོར་ལ་བརྩོན་པ་དེས་རྗེས་སུ་གནང་བའི་ཚུལ་གྱིས་ལོངས་སྤྱོད། ཚུལ་ཁྲིམས་དང་ལྡན་ཡང་ལེ་ལོ་ཆེ་བ་དེས་བུ་ལོན་བཞིན་དུ་ལོངས་སྤྱོད། ཚུལ་ཁྲིམས་འཆལ་བ་དེས་ལྕགས་བསྲེག་འབར་བ་ཟོས་པ་དང་ཁྱད་པར་མེད་པར་གསུངས་པ་དེའོ།།

    དེ་ནི་ང་ཚོ་ལ་འཇིགས་སྐུལ་ཞིག་མིན་པར་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱིས་བསྟན་པའི་བླང་དོར་གྱི་བཀའ་སློབ་རྨད་དུ་བྱུང་བ་ཞིག་གོ། འཇིག་རྟེན་མི་ལུགས་ལྟར་བཤད་ནའང་རྒྱུ་མཚན་དང་དགོས་པ་མེད་པར་ཧམ་སེམས་ཀྱིས་གཞན་པའི་ནོར་ལ་ལོངས་སྤྱད་ན། དེར་ཁྲིམས་ཆད་དང་ཉེས་སྐྱོན་ཕོག་པ་ནི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་དང་འདྲ་མཚུངས་རེད”ཅེས་གསུངས་རྗེས། མཐའ་མའི་ཚིག་གིས་གུས་ཞབས་དང་བཅས་གང་ཞུས་པ་དེ་དག་ཐམས་ཅད་རྣམ་མཁྱེན་ཆོས་སྐུའི་ངོགས་སུ་འཇོག་པར་ཞུའོ།། ཞེས་པས་མཇུག་སྒྲིལ་རྗེས་བྱིངས་འདྲེན་ཆེན་མོ་ལགས་ཀྱིས་སླར་ཡང་འདོན་དབྱངས་སྙན་མོས་དབུ་དྲངས་ནས་རྟེན་འབྲེལ་བསྟོད་པའི་ཚིག་དོན་ལ་སྙོམས་པར་འཇུག་པ་ལགས་སོ།།

  • ལེ་ཚན་སྔོན་མ།:དགེ་རྒན་དམ་པ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་རྗེས་སུ་དྲན་པའི་གཏམ།
  • ལེ་ཚན་རྗེས་མ།:ང་དང་སློབ་གྲོགས་གངས་འཚོ་དང་རྩོམ་སྦྱོང་ར་བ།