སྲིད་པའི་འཁོར་ལོ་ལ་བལྟས་པ།

བཀྲ་ཤིས་ཆོས་ལྡན།        2019-11-06

    ས་སྲོད་དེར་གྱང་ངོར་བྲིས་པའི་སྲིད་པའི་འཁོར་ལོ་དེ་ལ་ཆུ་བུར་མིག་གིས་ལན་མང་ཅེར་བ་ན། འཁོར་བའི་རི་མོ་དེ་ལས་འགུལ་འོང་བའི་འཕྲུལ་སྣང་དེ་དག་སྐད་ཅིག་ཉིད་ལ་དད་པའི་བུ་ག་རུ་འཚང་ཁ་བརྒྱབ་སྟེ། ཕྱེད་ཀ་ཡོལ་ཟིན་པའི་མི་ཚེ་ཐུང་ཐུང་འདི་ལ་བློ་ཡུལ་ལས་འདས་པའི་གཏོར་གཤིག་རྒྱ་མི་ཆུང་བ་ཞིག་བཏང་ཞིང་། ཆོས་ཉིད་ཀྱི་སྐྱེ་འཇིག་ལ་ཤེས་རབ་ཀྱིས་ངོ་ལོག་བྱེད་འོས་པའི་ཐོད་བརྒལ་གྱི་སྐད་གདངས་བར་སྣང་དེར་ཁྱབ་པར་བྱས།

    ངུ་སྐད་བཙའ་བོ་རླུང་གིས་ཁྱེར་གྲབས་བྱེད་དུས་རི་ཆུ་ནགས་གསུམ་ཡང་ངུ་ཤུམ་ཤུམ་ངང་རང་དགར་དུ་བསྡད་དགོས་བྱུང་ཡོད་པ་འདྲའོ།། རླུང་བུ་དེ་ཅུང་ཙམ་འཇགས་རྗེས་དགའ་སྐྱོ་སླས་མའི་སེམས་གཏམ་དེས་བྲང་གཞུང་ལ་དྲོད་བཏབ་པ་བཞིན་དུ་ཚ་བེར་བེར་གྱུར་པའི་སྣང་བ་བྱུང་། མཐར། མིག་འཕྲུལ་ལྟ་བུའི་འཇིག་རྟེན་ཁམས་འདིར་ཡིད་རྟོན་ཞེས་པ་ཞིག་ལར་ནས་བྱེད་ས་དབེན་པའི་ངེས་འབྱུང་སྐྱེས།

    སྐབས་འགའ་ཞིག་ལ། བདག་གིས་ཡོད་དང་ཡིན་ཞེས་ཏེ་རིགས་པའི་སྒར་ས་རུ་བུད་ཅིང་རྩོད་པའི་རླབས་ཕྲེང་མཚོ་མོ་ལྟར་སྐྱོམ་པར་བྱས། སྐབས་འགའ་ཞིག་ལ། བདག་གིས་མེད་དང་མིན་ཞེས་ཏེ་ལུང་གི་འཚེར་སར་འགྲེངས་ཤིང་རྒོལ་བའི་ཀླན་ཀ་འགོག་པའི་གཏན་ཚིགས་བཙལ། སྲིད་པའི་འཁོར་ལོ་ཞེས་པའི་མིང་དང་ཚིག་གི་མཚོན་ཆ་ངག་གིས་ཁྱེར་ཏེ་ཕན་ཚུན་ལ་འཇིགས་ཡེར་བའི་སྐྲག་པ་སློང་བའི་དེ་རིང་། འཚོ་བའི་གནས་ལ་གོམ་སྟབས་བྲེལ་རུང་དོན་གྱི་གནས་ལུགས་འཚོལ་བར་དཀའ་བའི་རྒྱུ་མཚན་རྙེད།

    ཡུན་རིང་བར་དུ་བསགས་པའི་ནོར་རྫས་འབེལ་པོ་བྲག་ལྟར་བརྩིགས་ཡོད་ཀྱང་། འཆི་ཁར་རང་ཉིད་ཁེར་རེ་མ་སྟོང་ལྷང་ལྷང་གིས་ཆས་དགོས་པའི་གྱང་ངོས་ཀྱི་གཟུགས་རིས་དེས། གྲགས་པའི་དབྱངས་སྙན་གོ་ལར་འཕུར་ཡོད་ནའང་མཐའ་མར་འགྱོད་པས་ངུ་ཤོར་དགོས་པའི་སློབ་གསོ་ཐེབས། དེའི་ཚེ། སྲིད་པའི་ཁྲི་ལ་འཛེགས་པའི་སྤྲུལ་པ་སྐོར་ཞིག་གིས་དམྱལ་ཁམས་ཞེས་པ་གང་དུ་ཡོད་འོས་པའི་བསམ་འཆར་བསྡུ། དེའང་ལོས་ཡིན་ཏེ། མི་ཚེ་གཅིག་ལ་ནོར་རྫས་དང་སྟོང་འདང་བརྒྱབ་ནས་ཚེས་གྲངས་འདིར་བཙན་གྱིས་གཏུགས་པ་སུ་ཞིག་གིས་མཁྱེན་ཨང་།

    བཏབ་པའི་དྲོད་ཚིག་དེ་སྙིང་གི་ངོགས་སུ་ཇི་ལྟར་འཚེར་ཡང་རི་མོ་ལས་མཆེད་པའི་མི་རྟག་པའི་རླུང་བུ་ལྡོམ་པོ་དེས་བརྡབ་སིག་གཏོང་འགྲོ་སྙམ་པའི་དོགས་པ་འཆར། སེམས་ལ་དམ་པོར་བསྒོས་པའི་བག་ཆགས་དེའང་རླུང་བུ་དེ་ཡིས་འཐོར་གྲབས་བྱས། ད་ནི་གླིང་འདིར་གསོན་ན་ལུས་ཕུང་དུབ་ཅིང་རྣམ་ཤེས་གྲང་བ་ལས་འོས་མེད་པས། གནས་གཞན་པ་གང་ཞིག་ཏུ་ཆས་འོས་པའི་འཆར་འགོད་བྱས། འཆར་གཞི་དེ་ནི་ལས་ཀྱི་བྱེད་པོ་སུ་ཞིག་ཡིན་རུང་བརྩི་བཀུར་དང་ངོས་ལེན་གནང་འོས་པའི་རེ་སྨོན་བགྱིས།

    དོན་དངོས་དེས་བསྐྱེད་པའི་འཆར་སྣང་འདིས། སྐབས་འགར་ལྷ་བསང་སྨུག་པོ་དགུང་དུ་འཕྱུར་བཞིན་པའི་སྒང་ལའང་སྒེར་གྱི་རླུང་རྟ་ནི་ལ་ཁའི་དར་ལྕོག་བཞིན་དུ་ཟད་རལ་དུ་གྱུར་ཅིང་། སེམས་ལ་ཅི་ཞིག་དྲན་པའང་ལྷ་ཡིས་སྲུང་བར་འདོད་པའི་འདུན་པ་གཏན་ནས་མེད་པར་གྱུར། ཞོར་དུ། རླུང་རྟ་འདོགས་ཆོག་པའི་ལབ་རྩེ་དང་ཐོ་ཡོར་ནི་ཇི་ལྟར་བསླངས་རུང་། གསང་བའི་འཇིག་རྟེན་གཞན་ཞིག་རྙེད་པར་ངལ་ཞིང་དུབ་པའི་རྒྱུ་རུ་མཐོང་། རང་མཚན་དུ། གནས་བདག་གང་གི་འཁོར་དུ་སྐྱེས་པའི་བྲན་གཡོག་ཅིག་གི་ལུང་བསྟན་ཙམ་ཡང་རྣ་ཐོས་མ་བྱུང་བས། ད་ནི་སླར་ཡང་སྲིད་པའི་འཁོར་ལོ་དེར་འགྲེལ་བཤད་སྐྱོན་པ་དེ་ཙམ་དུ་ཟད་དོ།།

  • ལེ་ཚན་སྔོན་མ།:ཁ་བ། འཆི་བདག་གི་ལྭ་བ་དཀར་པོ།
  • ལེ་ཚན་རྗེས་མ།:དགེ་རྒན་དམ་པ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་རྗེས་སུ་དྲན་པའི་གཏམ།