ཁ་བ། འཆི་བདག་གི་ལྭ་བ་དཀར་པོ།

རྟ་མགྲིན་བཀྲ་ཤིས།        2019-11-04


མི་རྣམས་ཀྱིས་ཁ་བའི་རང་མདངས་དང་ཁ་བའི་མེ་ཏོག་གི་དབྱིབས་ལ་བསྔགས་པར་བྱེད་ཅིང་། དེ་ནི་དུས་ཚིགས་ཀྱིས་ས་གཞི་ཆེན་པོ་ལ་གནང་པའི་ཁ་བཏགས་ལྟ་བུ་ཞིག་ཏུ་བརྩིས་ཏེ། སྙན་ངག་པ་རྣམས་ཀྱིས་རང་གི་སྨྱུག་མིང་ལ་གངས་བུ་དགའ་སྐྱེད་དང་། གངས་རླུང་། ཁ་བ་སྙིང་ལྕགས་སོགས་སུ་འདོགས་པར་བྱེད་ལ། ལྷན་སྐྱེས་ཀྱི་གྲེ་བ་བདེ་བའི་གཞས་པ་གཞས་མ་རྣམས་ཀྱིས་ཁ་བའི་སྲས་མོ་དང་། ཁ་བ་དཀར་པོ། ཁ་བའི་མེ་ཏོག་ཅེས་པའི་གཞས་མིང་འགའ་ཡང་བཏགས་ཡོད་པར་སྣང་མོད། ཁོ་བོ་ནི་ཁ་བ་ལ་སུན་ཞིང་འཇིགས། ཐ་ན་མིང་ཐོས་པ་ཙམ་གྱིས་ལུས་ལ་འདར་གསིག་བརྒྱབ་ཅིང་སྨྲ་མི་ཤེས་པའི་སྐྱོ་བ་བན་བུན་ཞིག་ངང་གིས་ཡིད་ཀྱི་གཏིང་རུམ་ནས་མཆེད་ཅིང་འོངས་བས། དེ་ནི་རང་བྱུང་ཁམས་ཀྱི་ཆམ་པའམ་ནད་ཡམས་ཤིག་ཏུ་འདོད།


དམའ་ཀླུང་དང་གྲོང་ཁྱེར་དུ་འཚོ་བའི་མི་རྣམས་ཀྱི་མ་བརྟག་བློའི་འཆར་སྣང་ལ། ཁ་བ་ནི་མེ་ཏོག་འདབ་མ་དྲུག་ལྡན་དུ་འབབ་ཅིང་། དེ་ནི་ལྷ་སྒྲུང་ཁག་ནས་ཡིད་དུ་འོང་བའི་ལྷ་མོ་མི་ཡུལ་དུ་འབབ་པའི་ཟོལ་གྱིས་དྭངས་གཙང་དང་སྤྲོ་སེམས་ཀྱིས་རང་བྱུང་མ་མའི་ཕང་བ་རུ་ལྟུང་རྗེས། ཁ་བའི་དར་ཟབ་བཀླུབས་པའི་ས་གཞི་ཆེན་པོའི་སྟེང་དུ་གངས་ཤུད་རྒྱག་ཆོག་པ་དང་། ཁ་བའི་རྡུལ་ཚོགས་གཅིག་ཏུ་བསྒྲིལ་བའི་གངས་མི་བཟོ་བ། གྲོགས་དང་གྲོགས་མོ་རྣམས་ཀྱིས་ཁ་བའི་རྡོག་པོ་འཕེན་རེས་བྱས་ནས་དགའ་འབོད་བྱེད་ཆོག་པས། རྟག་ཏུ་ཁ་བ་ཨེ་འབབ་ལ་རེ་སྨོན་བྱེད་ཀྱིན་མཆིས། ཡིན་ནའང་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་བོ་ཁ་བ་ཟམ་མ་ཆད་པར་འབབ་ཅིང་། ལ་ཐང་ཡོངས་སུ་ཁ་བ་ལས་ཅི་ཡང་མེད་པའི་ཡུལ་ནས། ཁ་བ་ནི་དབང་པོ་སྒོ་ལྔ་གཅོད་པར་བྱེད་པའི་ལྷགས་རླུང་དྲག་པོས་ཆོམ་རྐུན་གྱིས་ཕྱུགས་འདེད་པ་བཞིན་བཙན་གྱིས་སྤུར་ཞིང་བྲེལ་སྟབས་ཀྱིས་ཆགས་ཏེ། རི་ཀླུང་ཡོངས་རྫོགས་སྐྱ་ཐང་ཐང་དུ་བཏང་ནས། ཕྱུགས་ཀྱིས་རྩྭ་མི་ཟ་བར་ཀྲོང་ངེར་ལངས་ཤིང་། གངས་ལྷགས་འདྲེས་མའི་ཀློང་གི་རི་ལུང་ཐང་གསུམ་གྱི་གནས་གང་རུང་ནས་ནོར་ལུག་ཤི་བའི་རྐང་ལག་གམ་རྭ་ཅོ་ཅི་རིགས་ཙམ་ལས་མཐོང་དུ་མེད་པའི་སྐབས་སུ། རི་པའི་ཁྱིམ་ཚང་དག་གིས་སྨྲ་བ་དང་སྒོ་མོ་དམ་པོར་གཏན་ཡོང་དུས། ཡོད་ཚད་སྐྱི་གཡའ་བའི་ཤི་གསོན་གྱི་ཁ་དབུགས་སྟུག་པོའི་ཀློང་དུ་འཇམ་ཅག་གེར་ལུས་དུས། ཁ་བ་ནི་འཆི་བ་དང་འཆི་བདག་གི་ལྭ་རིང་ཉིད་དུ་ཁོ་བོས་སེམས་ཤིང་། དེ་ནི་ཆེས་མཇུག་མཐའི་མལ་ཁྲི་འགྲམ་གྱི་སྨན་ཞབས་མའི་ལྭ་རིང་དཀར་པོ་དང་ཀུན་ནས་མཚུངས།


ངས་ཀྱང་ཁ་བ་ལ་བསྟུན་ཐབས་དུ་མ་བྱེད་མྱོང་སྟེ། ལག་ཟུང་གྲང་ནས་དམར་ནག་ཏུ་ཆགས་རག་པར་དུ་ཁ་བའི་མིའུ་ཐུང་དང་། ཁ་བའི་གཏོར་མ། ཁ་བའི་མོ་ཊ་སོགས་བཟོས་པ་དང་། ང་རང་ཁ་བའི་བུ་ཕྲུག་ཡིན་ཞེས་རྣ་བ་དང་མཁུར་ཚོས་མ་ཕྱིད་བར་དུ་རྒྱུག་ཀྱང་། ཁ་བ་ནི་རང་བཞིན་གྲང་མོར་གནས་པའི་བེམ་པོར་སོང་གཤིས་མི་སེམས་ཀྱི་དྲོད་ཁོལ་ཚོར་མི་ཤེས་པའི་ཁར། དེའི་སྐྱུག་བྲོ་བའི་དཀར་མདངས་མིག་ལ་ཇེ་འཚེ་རུ་འགྱུར་འགྲོ་བས། ཁོ་བོས་དེ་ནི་རང་གི་ཐབས་ལམ་མ་འགྲིག་པར་སྙམ་སྟེ། མིག་ཤེལ་ནག་པོ་ཐོགས་ཤིང་ལུས་ཀྱི་ཡན་ལག་དང་ཉིང་ལག་གི་ཚིགས་ཁ་དགུག་མི་ཐུབ་པའི་དགུན་གོས་སྟུག་པོ་གོན་ནས་ཁ་བའི་ཐང་ཆེན་འཕྲེད་དུ་བཅད་ཅིང་། གོམ་པའི་འདེགས་འཇོག་གི་བར་མཚམས་སུ་ལྷམ་མཐིལ་ས་ལ་རེག་པའི་ཐྲིག་ཐྲིག་གི་སྒྲ་དེ་རྣ་བའི་དབང་པོ་འཕྲོག་པའི་སྒྲ་དབྱངས་ལ་མོས་པ་ཨེ་སྐྱེ་བལྟས་མོད། ལྷམ་གདོང་གི་མདུད་རྒྱ་དང་རྐང་སྣུམ་གྱི་ཁ་མཐར་ཁ་བའི་རྡོག་པོ་འབྱར་ནས་ལྗིད་ཏིག་གེར་འགྲོ་དུས། ཁ་བ་ནི་ལས་དབང་གི་རྐང་སྒྲོག་ངོ་མ་དེ་ཡིན་པར་རྟོགས།


སྔོན་གྱི་གཏམ་དུ། ཁ་བའི་རྡུལ་གྱིས་བརྩེགས་པའི་གངས་རི་གློ་བུར་དུ་ཉིལ་ནས། ཡུལ་ཚོ་ཁ་ཤས་རྨི་ལམ་བཞིན་མནན་སོང་བས་ད་ལྟའི་བར་དུ་ཤི་བའི་རོ་དང་གསོན་པའི་རྒྱུད་སུས་ཀྱང་མ་རྙེད་ཀྱང་། ཉི་ནུབ་ཀྱི་གྲིབ་སོ་འགུགས་ཙ་ན། སྟོང་ཞིང་སངས་བའི་གངས་ཀྱི་གས་གསིག་ནས་བུད་མེད་ངུ་ཞིང་སྐྱེས་པས་འབོད་པའི་སྒྲ་བར་མ་ཆད་པར་སྒྲོག་དུས་རྣམ་ཤེས་གངས་འདབས་སུ་འཁོར་བའི་བླ་འཁྱམ་པོ་མང་སྐད་དུ་གདའ་བས། གངས་རི་ནི་བླ་སྲོག་འགམ་པའི་མཆེ་བ་རིང་མོ་དང་། ཁ་བ་ནི་ཚོར་དྲུག་སྐད་ཅིག་ཏུ་གཏོར་བའི་ཕྱེ་མ་མིན་ནམ་སྙམ།


ཁ་བ་མོད་པའི་འབྲོག་ཁུལ་ནས་ནོར་གནག་གི་རྔ་མ་གྲང་ངར་གྱི་རལ་གྲིས་བཅད་དེ། ལུས་ཀྱི་རྣམ་པ་གཞན་ཞིག་ཏུ་གྱུར་པ་འགའ་ཡང་མཐོང་རྒྱུ་ཡོད་པ་དང་། མཛངས་མའི་མཁུར་ཚོས་དམར་ནག་ཏུ་བཏང་སྟེ་ཚེ་གང་བོར་སིལ་ཏོག་སད་ཀྱིས་བསླད་པའི་རྣམ་པར་གནས་ཡོད་ཕྱིན། ངས་ནམ་ཡང་དེ་དག་སྐྱེ་འགྲོའི་འཚོ་གནས་ལ་འཚམ་པའི་ཤམ་བྷ་ལའི་གནས་མཆོག་ཅིག་ཏུ་གནས་སྤར་ཐུབ་པའི་སྨོན་ལམ་འདེབས་ཀྱིན་ཡོད།


ལྷུན་སྟུག་རི་བོའི་བཞིན་རས་ལ་སྐྱོ་ཤས་ཀྱི་བུ་ཡུག་འདྲེན་པའི་ཁ་བ། གསེར་ཞུན་སྙེ་མ་བལྟེམས་པའི་ལུང་ཐང་ལ་ཡིད་ཆད་ཀྱི་ཤིད་ལྭ་གཡོགས་པའི་ཁ་བ། གྲང་རེག་གི་སྦྱོར་བ་རྩུབ་མོས་སེམས་ལྡན་ཡོངས་རྫོགས་ཀྱི་ལུས་སེམས་འཁྱགས་པས་བསྡམས་པར་བྱེད་པའི་ཁ་བ་སྟེ། ཁྱོད་ཀྱིས་ཁོ་བོ་རྟག་ཏུ་རྒྱང་རིང་གནམ་ས་འཐབ་པའི་མཚམས་ཤིག་ན། ཉི་འོད་ཀྱིས་འཚོས་པའི་ཆུ་གཏེར་ཆེན་པོ་ཞིག་ཡོད་པ་དང་། དེའི་འགྲམ་གྱི་གྲམ་ཐང་དུ་གཅེར་བུས་གན་རྐྱལ་དུ་ཉལ་བར་རེ་སྨོན་ཡང་ཡང་བྱེད་དུ་བཅུག་ཅིང་། གཤོང་ཆེན་དྲོད་ཁོལ་འཛོམས་པའི་གྲོང་ཁྱེར་གང་ཞིག་ནས། སྟོད་ཐུང་ཕུ་བཅད་དང་དོར་ཐུང་གྱོན་ཏེ་ཆུ་ཐིགས་ཀྱི་ཟིལ་བ་མ་འཁྲུངས་པའི་མེ་ཏོག་སྣ་ཚོགས་སྣ་དབང་གི་སྒོ་རུ་བཅར་འདོད་སྐྱེས་སུ་བཅུག་བྱུང་།


འཇིག་རྟེན་ཆགས་འཇིག་གི་རྡབ་གསིག་གང་རུང་གི་མཚམས་ནས། ཁ་བ་དང་ཁ་བའི་རྡུལ་གྱིས་བརྩེགས་པའི་གངས་རི་མཁྲེགས་པོ་རྣམས་མར་བཞིན་དུ་ཞུ་ཞིང་ཆུ་ཕྲན་ལྟར་བཞུར་སྟེ། མཐའ་ཡས་པའི་རྒྱ་མཚོ་ཆེན་པོ་དང་རོ་གཅིག་ཏུ་འདྲེས་དུས་ཤིག་བྱུང་ན། ཡིད་ཆད་དང་། ཁུ་སིམ། ཁེར་རྐྱང་། སྡུག་བསྔལ་སོགས་ཅིག་ཅར་དུ་ཡལ་ནས་དྲོད་ཁོལ་དང་བདེ་བ། སྤྲོ་སྣང་འབའ་ཞིག་ཏུ་འཚོ་བའི་རེ་བ་ཡོད་མིན་ལ་རྟོག་པའི་གཤོག་འགྱུར་ཡང་ཡང་བྱེད་དགོས་བྱུང་།

  • ལེ་ཚན་སྔོན་མ།:སྟོན་ཁ།
  • ལེ་ཚན་རྗེས་མ།:སྲིད་པའི་འཁོར་ལོ་ལ་བལྟས་པ།