སྟོན་ཁ།

འབྲོག་ཤེས་རབ།        2019-10-30

སྟོན་ཁ།

  ཆར་ནག་གིས་མི་ཡུལ་གྱི་བྱ་དངོས་མཐའ་དག་བརླན་པའི་ནངས་མོ་ཞིག་ལ། ཡུལ་གྱར་བ། རང་གི་གཏན་ཚིགས་ཀྱི་རྡོག་ཁྲེས་ཁུར་ནས་བསྐྱོད་དགོས་བྱུང་། ཡུལ་གྱར་བ་གཞན་ཞིག་དྲན་བཞིན་རེ་སྒུག་གི་མཐའ་འབྲས་ཞེད་སྣང་གིས་བསྐྱོད་བཞིན། ནངས་མོ་དེར།ཆར་བ་བབས། ཆར་བའི་ཁྲོད་དུ། ཕ་མའི་དཀའ་སྡུག་གི་གཙང་བོ་རླངས་འཁོར་གྱི་ཤེལ་སྒོའི་ནང་ངོས་སུ་འཐོར་བྱུང་། ནངས་མོ་དེར་ཐེག་དཀའ་བའི་གདུང་སེམས་མཐའ་དག་ལྗོན་ཤིང་དང་། རི་ཆུ་བརྒྱུད་ནས་ང་ཡི་ཉེ་སར་བཅར་འོངས། སུ་ཞིག་གི་སྨུག་སྤྲིན་སྲབ་མོ་དྲན་གདུང་གི་ཕྲེང་ཐག་ཆད་པ་འདྲ། ཉི་འོད་ཀྱི་སྐྱོ་གདུང་མདུན་ཕྱོགས་སུ་འབར་བའི་ཞོགས་པ་འདིར། བསམ་གཞིག་དང་ཟུག་གཟེར་རེས་དྲུད་པའི་ཁེར་རྐྱང་མཐའ་དག ལྷོད་བག་གི་འདབ་མར་འཇུས་ནས་ཡིད་འོང་མཐིང་མདོག་གི་གཤོག་ཟུང་ནམ་མཁར་གཏད།ལོ་ཟླའི་སྒལ་ཚིགས་སུ་འབྱར་བའི་ཉིན་མཚན་རེ་རེ་ནི་གཙང་འདབ་ནས་ཁུར་ཞིང་སླར་ཡང་རྦ་རླབས་ཀྱིས་ཆུ་ཁར་བདས་པའི་བྱེ་མ་དང་རྡུལ་ཕྲན་རེ་དང་འདྲ་བར་ཐོགས་རེག་གི་ཆ་དང་བྲལ་བའི་བར་སྟོང་དུ་བཞུར་བ་ནི་དགའ་སྐྱོ་མཉམ་སྡེབ་ཡིན་པའི་སྣང་བ་ཞིག་འཆར་ཨང་། རྐང་ལག་ཐོགས་པའི་དུས་ཚོད་ཀྱི་མེ་ཏོག་ནི་ཞོགས་པ་ནས་ས་སྲོད་དང་། ཡང་ན། ས་སྲོད་ནས་ཞོགས་པའི་བར་བྲེལ་སྟབས་ཀྱིས་མི་ཚོགས་དང་འཚོ་བའི་གྲུ་ཁ་ལྷམ་ལྷམ་དུ་འགུལ་པའི་ངལ་དུབ་བསལ་ནས། ཨར་འདམ་གྱི་གས་སྲུབ་ན་སྐྱོ་ངལ་དུ་བཙིར་དགོས་བྱུང་།

འཁྲེང་ཞེན་གྱི་གཡེར་བག་འདབ་མར་བརྒྱུས་པའི་དཔྱིད་ཀར་རྨ་འགྲམ་དུ་ཆར་བ་ཟམ་ཟིམ་དུ་བབས་བྱུང་། ད་དུང་གཤོག་པ་ཐོགས་པའི་སྨུག་པ་དེ་དག་གྲོང་ཁྱེར་གྱི་རྐང་ལམ་དང་མི་ཚོགས་ཀྱི་གཤིན་སར་བབས། ངལ་དྲགས་པའི་འགྲུལ་བ་དག་གི་སེམས་མགོར་འཐིམས། བརྡར་དྲགས་པའི་དུས་ཚོད་ཀྱི་སྐུད་སྣེར་ཉིན་གཅིག་གི་འཆར་སྣང་རེས་ཡིབ་རེས་གསལ་གྱི་ཚུལ་དུ་མངོན་ལྐོག་གང་རུང་ནས་བདག་གི་ཉེ་སར་བཅར་ཞིང་། གྲང་ཤུར་ཤུར་གྱི་ངོ་གདོང་དེ་དག་ལས་ལོ་རབས་འདིའི་ལྟོགས་སྐོམ་མཐའ་དག་རེ་ཆད་དང་སྐྱུར་སྣང་གིས་ལྡད་བྱུང་། ཆར་བ་ཟམ་ཟིམ་དེས་ཁྱོད་ཀྱི་མདངས་ཟད་པའི་མིག་ཀོང་དུ་ཆུ་ཞགས་གོར་མོ་རེ་འཁྱིལ་ཞིང་རེ་ཆད་ཀྱི་རྒྱང་རིང་ཞིག་མངོན་འདུག

ཆར་བ་ཟམ་ཟིམ་བབས་རྗེས། ས་སྟེང་འདིའི་སྐྱེ་དངོས་ཡོད་ཚད་ང་ཡི་མིག་གི་བགོ་སྐལ་དུ་གསོན་ཉམས་ལྡན་པར་མངོན་ཡོང་། ཡུན་རིང་ཞིག་ལ་བཀྲུ་མ་མྱོང་བའི་མེ་ཏོག་དང་རྩྭ་ལྗང་གི་ལང་ཚོ། ད་དུང་སློབ་རའི་ལུས་རྩལ་ཐང་ཆེན་གྱི་གྲུ་ཟུར་རེར་སྔར་མེད་ཀྱི་འཛུམ་ཟེར་རྒྱས་ཡོང་། ཆར་བ་བབས་ཐེངས་གཅིག་གིས་གྲོང་ཁྱེར་གྱི་མི་རྣམས་ལ་ཁོད་སོད་པའི་ཉམས་སྣང་རེ་རང་ཆས་སུ་ཤར་བཞིན་འདུག ཆར་ཆེན་གྱི་འཁྲུས་རྫིང་ཕར་ལ་གཏན་རྗེས། དེ་མ་ཐག་སའི་རྡུལ་དང་།མེའི་རྡུལ་དང་ཆུའི་རྡུལ། རླུང་གི་རྡུལ་དག་གཅིག་ཏུ་འདུས་ནས་དབྱིབས་དང་ཁ་དོག་མི་མཚུངས་པའི་སྨུག་པར་གྱུར། སྐབས་འདིར་ཉི་འོད་ཀྱི་ཐིགས་པས་ང་ཚོར་རམ་འདེགས་ཀྱི་ཚུལ་དུ་ལུས་སེམས་ཀྱི་གོ་རིམ་མཐའ་དག་བརྒྱུད་ཅིང་། རྙི་དྲགས་པའི་མི་སེམས་ཀྱི་མཐུལ་དུ་སྨོན་ལམ་གྱི་དྲོ་འཇམ་ཞིག་ཀྱང་ངང་གིས་བསྡུས་བྱུང་། འདི་ནི་མི་སེམས་གྲངས་མེད་ཀྱི་འདུས་མདོར་འཚང་བའི་"ཆར་ཞོད་ཀྱི་ས་སྲོད་ཞིག་ཡིན"ཡང་ན་ས་སྲོད་ཀྱི་མཚར་སྡུག་ཅིག་རེད། རྡོ་ལྕགས་གཉིས་ལས་བཙིར་བའི་ལྕུགས་ཕྲན་དང་རྨ་འགྲམ་དུ་བཞད་པའི་གསར་སྐྱེས་མེ་ཏོག་སྣ་ཚོགས་སྐམ་རིད་དུ་གྱུར་ཞིང་། ལྡོག་འོད་འཕྲོ་བའི་ཨར་འདམ་གྱི་མེ་ལོང་ངོས་སུ་ཚ་ལམ་ལམ་བྱེད། ཉི་འོད་ས་སྟེང་འདིའི་བྱ་དངོས་ཡོད་ཚད་ཀྱི་བྱེ་ཐང་དུ་ལྷུང་བ་བཞིན་བྲེལ་སྟབས་ཀྱིས་བགྲོད་བཞིན་འདུག

རྨ་ཆུས་ཁྱོད་ཀྱི་ཁེར་རྐྱང་གི་དྲན་གདུང་མཐའ་དག་རླབས་ཀྱི་གཟུགས་བརྙན་དུ་སྤྲུལ་བ་ལས་ཁོར་ཡུག་ཚང་མ་གྲགས་མེད་འགུལ་མེད་དུ་དབེན་ཐིང་ངེར་གནས་འདུག ཁྱོད་རང་གཅིག་པུ་འཆར་ཡན་གྱི་ལང་ཚོ་མག་མོག་ཏུ་གྱུར་བའི་ཟླ་བའི་གྲིབ་བསིལ་མྱུལ་དུས། འདས་སོང་གི་གླེགས་བམ་ཉིལ་བའི་གྲོང་འཁྱེར་གྱི་གྲུ་ཟུར་དག་ན་ཁྱོད་ཀྱི་སུ་ཞིག་ལ་ངུ་སྙིང་བྲོ་བའི་ལྦུ་ཆང་དེའི་མངར་སྐྱུར་ཁ་གསུམ་དང་། རོ་དང་རེག་བྱ་སྟེར་འདོད་དམ། སུག་རལ་དུ་གྱུར་བའི་འོད་ཀྱི་སྐར་ཚོགས་སུ་ཁྱོད་ཀྱི་བརྩེ་ཞེན་ལས་བཞུར་བའི་ཁྲག་ཐིགས་དང་།མཁའ་མཐའི་རྡོ་བའི་མེ་ཏོག་དག་ཁྱོད་ཀྱི་མིག་གི་སྒོ་ཁར་འཛུམ་བཞིན་རླུང་བུ་ལྡོམ་པོ་ཞིག་དང་བསྡོངས་ནས་རྒྱང་རིང་འཇའ་ཡི་དྲན་པ་བསུས། སྤྲིན་པའི་སྣང་བ་མིག་ཆུ་བྱས་ནས་ཁྱོད་དང་རྒྱང་རིང་བའི་འཛུམ་ཀོང་བཏུས། བྱེ་མའི་གཙང་བོ་དེ་ཁྱོད་ཀྱི་གདོང་ལས་བཞུར་ཞིང་རྡོ་བའི་མི་སེམས་སུ་བཅར་བ་དེ་ཁོ་ནས་དབྱར་དགུན་གྱི་ངོ་གདོང་མེད་པར་ང་ཡི་དྲན་པའི་ལྕགས་སྲུབ་ལས་སྐྱེས། དུས་ཚིགས་དང་དུས་ཚིགས་ལས་གྱེས་པའི་ཡོད་ཚད་གྲང་རླུང་གིས་ཟིན་ཏེ་མུན་པའི་ཁུག་སོར་ལྕེབས། རྨི་ལམ་གྱི་ཟམ་པས་རྒྱང་རིང་ལས་རྒྱང་རིང་བྲིས་ཤིང་ནང་སེམས་ཀྱི་གས་སྲུབ་དེ་ལས་ལྕགས་འཛེར་ལྟ་བུའི་ཁྱོད་རང་ཉིན་མཚན་གྱི་འདུ་ཤེས་ཟབ་སར་གཏད།

མགོ་བོ་ནམ་མཁར་བཏེགས་པའི་མི་དེ་དག་གི་རྨི་ལམ་བྱ་རྒོད་ཀྱི་གཤོག་སྣེ་ལས་ལྷུང་ཞིང་། རླུང་གི་ཁ་གཏད་དུ་གྱུར་སོང་། རྨས་ཕོག་པའི་གྲུ་ཟུར་གྱིས་གཡོ་སྐྱོམ་དེས།མུན་པའི་ཚ་གདུང་འབར་བའི་ཁེར་ཧྲེང་འདིའི་སྲུབ་ཀ་ནས་ཡོད་ཚད་གྱང་རལ་བཞིན་ང་ཡི་ལུས་པོའི་རྩྭ་ཐང་ཁུར། གཤོག་གྲུ་ཆུང་ཆུང་དེ་ཡི་ཉེ་བར་བཅར་ནས། སྙན་ངག་གི་ཕུང་བོ་ལ་མེ་ལྕེ་བཏབས་ཏེ་ཐ་སྙད་དང་རྦབ་ཆུས་མེ་ཏོག་གི་རུ་དཔུང་དྲང་། མཛེས་སྡུག་གི་བསླུ་བྲིད་དེ་ཡིས་རྒྱང་རིང་ནི་བྱ་ཚོགས་ཀྱི་རྨི་ལམ་སྐྱ་བོ་བཞིན། ཁུ་སིམ་པའི་སྤྲིན་ནག་ལ་སྨོན་པ་གཏོར་ཏེ།རྒྱང་རིང་གི་རླུང་གིས་རྒྱང་རིང་ལ་ཞལ་སྐྱེམས་ཞུས་པས། ཡོད་ཚད་གོམ་པ་རེའི་སྣོལ་མཚམས་ནས་ཧད་པར་གྱུར། ཉི་ནུབ་དང་གྲིབ་ཆེན་མཚམས་སྤྲིན་དང་བསྡོངས་ནས་བྱ་ཚོགས་དང་སང་ཉིན་ལ་རྒྱུས་མེད་ངང་རྒྱང་རིང་དུ་འཕུར། རྡོ་བའི་ཉེ་སར་བཅར་བའི་གླིང་ཕྲན་འདིའི་ལག་པ་ནག་པོ་སྨུག་ལོང་གི་ནམ་མཁའ་ནས་བྱ་རྒོད་ཀྱི་གཤོག་ཡ་ལྟར་མི་ཡུལ་ཞིག་གི་ཁ་དོག་ཆུར་བཀྲུས་པའི་ཚུལ། རུས་ཕྱེ་ཉག་ཕྲ་བ་དག་སེམས་ཀྱི་ཟབ་སར་གཏད། སྤྲིན་པ་དག་སྨྲེང་ཚུལ་གྱིས་སྐྲ་ལ་མེ་ཏོག་གད། རླུང་དང་ས་དམར་བདས་པའི་མོད་ལ་རྡོ་བའི་རུམ་ཁ་ནས་འགྲེང་བའི་ཆུ་བོའི་ལྷ་སྒྲུང་ཁྱོད་ཀྱི་གྲིབ་མ་ཆེན་པོའི་རུས་མཛོད་ཀྱི་འཁྱག་ངོས་སུ་འབྱར།

དབྱར་དགུན་དག་གཤོག་བུ་བྱས་ནས་དེ་རུ་ཁ་བ་དང་བུ་ཡུགས་འཚུབ་སའི་གངས་རི་བཟོས། ནགས་ཚལ་གྱི་གྱང་ངོས་ན་འབྱར་བའི་སྤྲིན་དཀར་དེ་མུན་པའི་འཇིངས་སུ་བསྣུབས་ཏེ་ཤོག་དཀར་དང་གྱེས་པའི་རྡོ་བ་དེ། དྲག་རླུང་གི་རྡུང་རྡེག་ཁྲོད་ནས་གནའ་བོའི་རྩྭ་ཐང་གི་གཞུང་རྟ་དྲུད། དུས་ཚོད་ཀྱིས་ར་རོ་གྱུར་བའི་རྨི་ལམ་སྐྱ་བོ་དེ་གངས་འཁྱག་གི་རུས་སྒྲོམ་དུ་བཅུག་རྗེས་རྣམ་ཤེས་དང་བྲལ་བའི་རྡོ་བ་དེ་དག་གཏམ་རྒྱུད་ཅིག་གི་ཁ་ཡིག་དང་དུར་བྱང་དུ་གྱུར། རྨི་ལམ་ལས་ཅི་ཡང་མེད་པའི་རྡོ་བ་དེ་དག་བྱ་ཚོགས་ཀྱི་གཤོག་སྣེ་ལས་ལྷུང་པའི་དགུན་ཁ་ཞིག་རེད།


  • ལེ་ཚན་སྔོན་མ།:སྐྲ་ལོ་དཀར་པོ།
  • ལེ་ཚན་རྗེས་མ།:ཁ་བ། འཆི་བདག་གི་ལྭ་བ་དཀར་པོ།