སླར་ཡང་སྟོད་ཉི་མ་ལྷ་སར་སླེབས་པ།

ཉི་མ་རྡོ་རྗེ།        2019-10-23

    ཉི་མ་ལྷ་ས་ནི་བོད་མིའི་སེམས་ཁོང་གི་དག་པའི་ཞིང་ཁམས་ཡིན། ལྷ་སར་འབྱོར་ཐེངས་རེ་རེར་འདི་ནི་ང་ཡི་བསོད་ནམས་ཤིག་རེད་སྙམ་པའི་བསམ་ཚུལ་འགོག་མེད་དུ་ཤར། སློབ་ཆུང་ལོ་རིམ་ལྔ་པའི་སྐབས་སུ། ཕོ་བྲང་པོ་ཏ་ལ་ཞེས་པའི་སློབ་ཚན་དེས་ངོ་མཚར་བའི་ཕོ་བྲང་དེ་ངོ་སྤྲོད་བྱས་ཡོད་པས། ཕོ་བྲང་པོ་ཏ་ལར་མཇལ་སྐོར་དུ་འགྲོ་རྒྱུ་དེའང་མི་རིགས་ཞིག་གི་གོམས་སྲོལ་དང་བསྟུན་ཏེ་ཆུང་དུས་ཞིག་ནས་ངའི་སེམས་ཁོང་གི་དམ་བཅའ་ཞིག་ཏུ་གྱུར་ལ། ཞིང་ཁམས་ཞིག་གི་འདུན་པ་བཅངས་པའི་གནས་མཆོག་དེར་སླེབས་རྗེས།མ་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པོ་ཡོང་བའི་སྐྱབས་འཇུག་ཀྱང་གནས་དེ་ལ་ཞུས་ཡོད།

    གནམ་གྲུས་གཤོག་རིང་བརྐྱངས་ནས་མཁའ་རུ་འཕུར་ཞིང་། མེ་འཁོར་གྱིས་འོ་དོད་འབོད་བཞིན་ཡུད་ཙམ་གྱིས་གནས་དེར་འབྱོར་བ་དེས་གནས་མཇལ་ཏུ་འགྲོ་མཁན་ཚོ་ལ་སྟབས་བདེ་བཟོ་ཡོད། འོན་ཀྱང་། ད་དུང་མི་མང་པོ་ཞིག་གིས་ས་ནག་པོ་འདོམས་ལ་འཇལ་ནས་བརྐྱངས་ཕྱག་དང་རྐང་ཐང་གིས་གནས་དེར་འགྲོ་བ་དེས། མི་རིགས་ཞིག་གི་དད་འདུན་དང་རེ་སྨོན་མཚོན་ཡོད།

ཆོད་སེམས་བརྟན་པོ་ཞིག་ཡིན་པའང་མངོན་ཡོད།

    བར་སྐོར་ནང་དུ། ལྷ་ས་ནི་སྤྲུལ་པའི་ར་ཡིས་ས་ཁུར་ཏེ་འོ་མཚོ་བསུབས་པས་རིམ་བཞིན་མིང་འགྱུར་ནས་ལྷ་ས་ཐོགས་པར་གྲགས། སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་ཇོ་བོ་ཤཱཀྱ་མུ་ནེ་ར་ས་འཕྲུལ་གྱི་གཙུག་ལག་ཁང་ནང་བཞུགས་ཡོད། དེ་འདྲའི་ངོ་མཚར་བའི་བཤད་སྲོལ་མང་པོས་དམུ་རྒོད་ཀྱི་སེམས་པ་ཞི་དུལ་དུ་བསྒྱུར་ཏེ། གོམ་པའི་འདེགས་འཇོག་སྔོན་ཕྱོགས་སུ་སྤོ་བར་མཚམས་འཇོག་མ་མྱོང་།

    བར་སྐོར་ནང་དུ། གནས་མཇལ་བ་ཚོ་དེ་རིང་སླེབས་ལ་ཉིན་འགའི་རྗེས་ནས་བུད་འགྲོ། ཡང་དད་ལྡན་པ་མང་པོ་ཞིག་འབྱོར་ནས་བར་སྐོར་བཀང་བ་འདི་ནི་རྫོགས་པ་མེད་པའི་དད་ལྡན་པ་དང་ཟད་པ་མེད་པའི་དད་སེམས་རེད་ལ།དེ་འདྲ་ཞིག་གིས་ཇོ་བོ་རིན་པོ་ཆེའི་གཟི་མདངས་ཇེ་རྒྱས་རེད།

    བར་སྐོར་ནང་དུ། ས་ཆ་གཞན་པ་ནས་ཕེབས་པའི་མི་རིགས་འདྲ་མིན་ཡོད་ལ།དེ་ཚོས་གོན་པ་འདྲ་མིན་དང་། སྐད་རིགས་སྣ་ཚོགས་ཡིན་རུང་། སེམས་སུ་འཆང་བའི་འདོད་འདུན་ནི་གཅིག་མཚུངས་ཡིན་ཏེ། ངོ་མཚར་བའི་གནས་མཆོག་འདི་ལ་མཇལ་སྐོར་བྱེད་པ་ཡིན། དེ་འདྲ་ཞིག་མིན་ན། གྲང་ངར་དང་སྨག་རུམ་ནང་དུའང་བརྐྱངས་ཕྱག་དང་སྐོར་བ་བྱེད་མི་སྲིད། དེ་འདྲ་ཞིག་ཡིན་པས།བར་སྐོར་དེ་ནི་འཛམ་གླིང་ཐོག་ཆེས་མཛེས་པའི་ཁྲོམ་སྲང་ཞིག་ཏུ་གྱུར་ཡོད།

བར་སྐོར་ནང་དུ། བརྗོད་མི་ཚར་བ་མང་པོ་ཡོད།

    ངའི་སེམས་དབུས་ཀྱི་ཉི་མ་ལྷ་ས། ཁྱོད་ནི་རྒྱང་རིང་དུ་ཡོད་ལ་ལེ་དབར་སྟོང་ཚོ་མང་པོས་ཆོད་ཡོད། ཁྱོད་ནི་ཉེ་འགྲམ་དུ་བཞུགས་ལ་ངའི་སེམས་ཁོང་ན་གནས། ལྷ་སའི་བར་སྐོར་ནང་དང་།

   བྱིན་རླབས་ཅན་གྱི་དགོན་པ་ཆེ་ཆུང་གི་སྒོ་འགྲམ་ན་ང་དང་ང་ལྟ་བུའི་དད་ལྡན་པས་རྐང་རྗེས་བཞག་ཡོད་པ་དང་རེ་བའི་དད་སྨོན་ཡང་བཞག་ཡོད། དེ་དང་མཉམ་དུ་ལྷག་བསམ་རྣམ་དག་ཀྱང་བཞག་ཡོད།

   འཇིག་རྟེན་སྟེང་གི་མཛེས་སྡུག་དང་དུང་བ་མ་ལུས་ཀུན་ཏུ་བསྡུས་པའི་ཉི་མ་ལྷ་ས། ཁྱེད་ཀྱིས་དད་ལྡན་པ་ཇི་འདྲའི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། ང་ཚོས། བརྗིད་ཆགས་སུ་འགྱིངས་བའི་པོ་ཏ་ལ་འདི་མཇལ་ཚེ། བཙན་པོ་ཞིག་གི་ལོ་རྒྱུས་མཐོང་ལ། དེས་བསྐུལ་ནས་ཡིད་སེམས་ཀྱི་མཚོ་མོ་མཁའ་རུ་འཕྱུར་ཏུ་འཇུག བརྟན་པོར་བཞུགས་པའི་ཇོ་བོ་རིན་པོ་ཆེ་དང་དྲོང་ངེར་འགྱིངས་བའི་རྡོ་རིང་འདི་གཉིས་ནི་ཞི་མཐུན་དང་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པས་མིའི་སེམས་ལ་དུས་རབས་དང་བསྟུན་ནས་བག་ཆགས་འཇོག་སྲིད།

    ང་ཕྱིར་ཡུལ་དུ་ལོག་འགྲོ། འོན་ཀྱང་ངས་ཇོ་བོ་ཤཱཀྱ་མུ་ནེས་གཙོས་བྱས་པའི་སྐུ་རྟེན་དང་། ཕོ་བྲང་པོ་ཏ་ལ་སོགས་ལྷ་ཁང་རྣམས་ལ་སླར་ཡང་མཇལ་བའི་སྨོན་ལམ་འདེབས་ངེས། ངའི་སེམས་ཁོང་ནས་འཕྱོ་བའི་དད་སེམས་ཀྱིས། སླར་ཡང་མཇལ་བའི་སྨོན་ལམ་འདེབས། ཉི་མ་ལྷ་ས།



  • ལེ་ཚན་སྔོན་མ།:ཨ་མ་སེམས་ནང་གི་བྱིས་ཕྲུག་ང་།
  • ལེ་ཚན་རྗེས་མ།:སྐྲ་ལོ་དཀར་པོ།