ཁྲིད་ཐབས་རིགས་དང་པོའི་གནས་བབས་དང་ཕན་ཡོན་གླེང་བ།

་བསོད་ནམས་དབང་མོ།        2019-10-16

    དང་པོ། ཁྲིད་ཐབས་རིགས་དང་པོའི་ད་ལྟའི་གནས་བབས།

    མི་རིགས་གང་ཞིག་ཡོད་པ་ནས་སྐད་ཡིག་ཀྱང་ལྷན་སྐྱེས་སུ་གྲུབ་པ་ཡིན། སྐད་ཡིག་ནི་མི་རིགས་རང་ཚུགས་ཐུབ་པའི་གལ་ཆེའི་མཚོན་རྟགས་ཤིག་ཡིན་པར་མ་ཟད། མི་རིགས་དེའི་ལོ་རྒྱུས་ཀྱི་བང་མཛོད་ཆེན་མོ་ལས་རིན་ཐང་གཞལ་དུ་མེད་པའི་གནའ་རྫས་ལྟ་བུར་ཞིག་ཀྱང་ཡིན་པས་མི་རིགས་ཤིག་གི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་འཕེལ་རིམ་གསལ་པོར་མཚོན་ཐུབ། དར་མདོ་ས་ཁུལ་ནི་བོད་རིགས་གཙོ་བོ་གནས་ཡོད་པ་དང་། དེ་ལས་བོད་མི་རིགས་ཀྱི་བྱིས་པ་ཚོས་ངེས་པར་དུ་ཐོག་མར་རང་མི་རིགས་ཀྱི་རིག་གནས་ལ་རྨང་གཞི་བཟང་པོ་ཞིག་ཆགས་པའི་སྟེང་ནས་མི་རིགས་གཞན་གྱི་རིག་གནས་སྦྱང་དགོས། མི་རིགས་སློབ་གྲྭ་འཕེལ་རྒྱས་གཏོང་བར་སློབ་གསོའི་སྒྲིག་གཞི་དང་། སློབ་ཁྲིད་ནང་དོན་དང་སློབ་ཁྲིད་བྱེད་ཐབས་བཅས་ལ་ཐུག་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་དགོས། དེ་ལས་གལ་ཆེ་བ་ནི། མི་རིགས་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱས་ནས་སློབ་ཁྲིད་བྱེད་པའི་ཞོར་དུ་རྒྱ་ཡིག་དང་རྒྱ་སྐད་སྦྱང་དགོས། དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་ལ་མཚོན་ན་མཐོ་འབྲིང་འཛིན་གྲྭ་༡༢དང་། དམའ་འབྲིང་འཛིན་གྲྭ༢༦ཡོད། དམའ་འབྲིང་འཛིན་གྲྭ༢༦ནང་དུ་ཁྲིད་ཐབས་རིགས་དང་པོའི་འཛིན་གྲྭ་༡༤དང་ཁྲིད་ཐབས་རིགས་གཉིས་པའི་འཛིན་གྲྭ་༡༢ཡོད། མཐོ་འབྲིང་འཛིན་གྲྭ༡༢ལས་ཁྲིད་ཐབས་རིགས་དང་པོའི་འཛིན་གྲྭ་འཛིན་གྲྭ༩ཡོད། ལོ་རྒྱུས། ཆབ་སྲིད། གྲངས་རིག་དང་ས་ཁམས་སོགས་དཔེ་ཆ་ཚང་མ་བོད་ཡིག་ཏུ་བསྒྱུར་ཡོད་པས་དུས་རྒྱུན་དུ་བོད་སྐད་ཀྱིས་ཁྲིད་བཞིན་ཡོད།

    གཉིས་པ། ཁྲིད་ཐབས་རིགས་དང་པོའི་ཕན་ཡོན།

    རྒྱལ་ཁབ་དང་མི་རིགས་ཞིག་དར་རྒྱས་གོང་འཕེལ་གཏོང་འདོད་ན་སྐད་དང་ཡི་གེ་སློབ་པ་ནི་མི་རིགས་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་བའི་སྔོན་འགྲོའི་རྨང་གཞི་ཡིན། སྐབས་སུ་བབས་པའི་ཁྲིད་ཐབས་རིགས་དང་པོ་ནི་མི་རིགས་ཞིག་གི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ཐབས་ལམ་ཁྱད་འཕགས་ཡིན། ད་ལྟ་ཚན་རྩལ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་ཆ་འཕྲིན་དུས་སྐབས་འདིར་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་ནང་རྐྱེན་དང་ཕྱི་རྐྱེན་གཉིས་ལས་ཉམས་རྒུད་དུ་སོང་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད། དེ་བས་ཁྲིད་ཐབས་རིགས་དང་པོ་ལ་བརྟེན་ནས་མི་རིགས་རང་ཉིད་ཀྱི་སྐད་ཡིག་རྒྱུད་འཛིན་དར་སྤེལ་གཏོང་བ་ནི་མེད་དུ་མི་རུང་བའི་ཐབས་ལམ་ཞིག་ཡིན། ཐུན་མོང་གི་སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་ཁྱད་རྟགས་གལ་ཆེན་ཞིག་ཡིན་པར་མ་ཟད་མི་རིགས་ཤིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། མིག་སྔར་རྒྱལ་ཕྱི་ནང་གང་ཡིན་ཀྱང་གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཉམས་རྒུད་འགྲོ་བའམ་འགྲོ་བཞིན་པའི་སྒང་ཡིན་པ་ནི་མངོན་སུམ་ཚད་མ་ཞིག་ཡིན། མི་རིགས་ཉམས་རྒུད་དུ་འགྲོ་བའི་སྔོན་འགྲོ་ནི་ཐོག་མར་སྐད་ཡིག་ཉམས་པའམ་མེད་པར་འགྱུར་བ་ནས་མགོ་བརྩམས་པ་ཡིན་པས་ཁྲིད་ཐབས་རིགས་དང་པོ་ནི་མི་རིགས་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བར་མེད་དུ་མི་རུང་བའི་ཐབས་ལམ་ཞིག་གོ།

    རྒྱལ་ཁབ་དང་མི་རིགས་གང་ཞིག་གི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ནི་དེའི་གཞི་རྩའི་ནུས་པའི་ཆེ་ཆུང་ལ་རག་ལས་ཡོད། ཡང་གཅིག་བཤད་ན། སློབ་གསོ་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་མྱུར་ཚད་དེ་རྒྱལ་ཁབ་ཀྱི་གཞི་རྩའི་ནུས་པ་དང་མཐུན་པར་བྱས་ན། ད་གཟོད་སློབ་གསོ་དང་དཔལ་འབྱོར་ཡུན་རིང་ལ་གནས་ཞིང་འཕེལ་རྒྱས་སུ་འགྲོ་བ་ཡིན། མི་ནི་སྤྱི་ཚོགས་ཁྲོད་ཀྱི་ངལ་རྩོལ་བ་ཡིན་པར་མ་ཟད་དངོས་བོ་སོགས་ཐོན་སྐྱེད་བྱེད་པའི་གཞི་རྩའང་ཡིན། གལ་ཏེ་རྒྱལ་ཁབ་གཅིག་གི་ངལ་རྩོལ་བའི་བྱང་ཚད་ཞན་པ་དང་། དེང་རབས་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་མ་ཐུབ་ན། མི་ཤུགས་ཐོན་ཁུངས་ཅི་འདྲ་མང་ན་ཡང་རྒྱལ་ཁབ་དེའི་དཔལ་འབྱོར་སྔར་བཞིན་འཕེལ་རྒྱས་སུ་འགྲོ་མི་ཐུབ། སློབ་གསོ་ནི་ངལ་རྩོལ་བའི་ལག་ཤེས་བྱང་ཚད་མཐོ་རུ་གཏོང་བའི་གཞི་རྩ་ཡིན། དེ་བས་ངལ་རྩོལ་བའི་ལག་ཤེས་དང་བྱང་ཚད་མཐོ་རུ་གཏོང་བར་གཅིག་ནི་སློབ་གསོ་ལ་ཤུགས་བསྣན་ནས་གཞུང་ལུགས་དང་ལག་ལེན་གཉིས་ཟུང་དུ་འབྲེལ་དགོས། གཉིས་ནི་སློབ་གསོ་ཡིས་ངལ་རྩོལ་ནུས་ཤུགས་ཀྱི་རྣམ་པ་བསྒྱུར་དགོས། ངལ་རྩོལ་ནུས་ཤུགས་ཀྱི་ལས་སྣོན་སྦྱོང་བརྡར་བྱས་ནས་སྣ་མང་གི་ཆེད་ལས་ཀྱི་ངལ་རྩོལ་ནུས་ཤུགས་སུ་བསྒྱུར་དགོས། སྒོས་སུ་ཁྲིད་ཐབས་རིགས་དང་པོ་ནི་ངལ་རྩོལ་བའི་གསར་སྐྲུན་ནུས་པ་གསོ་སྐྱོང་དང་གོང་འཕེལ་གཏོང་བའི་གནད་འགག་ཅིག་ཡིན། གསར་སྐྲུན་ནུས་པ་ནི་ངལ་རྩོལ་པའི་བྱང་ཚད་ཀྱི་ཆེས་རིན་ཐང་ལྡན་པ་དེ་ཡིན། གསུམ་ནི་མི་རིགས་ས་ཁུལ་གྱིས་དང་ལེན་བྱེད་སླ་ཞིང་དེ་གའི་སྤྱིའི་སློབ་གསོ་གོང་དུ་སྤེལ་བར་ནུས་ཤུགས་ཆེན་པོ་འདོན་ཐུབ། བཞི་ནི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དུས་རབས་ཀྱི་རྗེས་ལ་བསྙེགས་ཐུབ་པར་ནུས་པ་ཆེན་པོ་འདོན་ཐུབ་པའི་མི་སྣ་དང་སྤྱི་ཚོགས་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་དང་དུས་རབས་ཀྱི་བསམ་བློ་ཡོད་པའི་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་གང་ལེགས་བྱེད་ཐུབ་བོ།།

  • ལེ་ཚན་སྔོན་མ།:ཇོ་བསྟོད་སུམ་ཅུ་བ་ལས་འཕྲོས་ཏེ་སྐབས་དེའི་བོད་ཀྱི་རྩོམ་རིག་སྐོར་ལ་ཟུར་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:སློབ་མའི་སྐད་ཡིག་སྦྱོང་བའི་སྤྲོ་སྣང་འཕེལ་ཐབས་སྐོར་ཅུང་ཟད་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།