སློབ་མའི་སྐད་ཡིག་སྦྱོང་བའི་སྤྲོ་སྣང་འཕེལ་ཐབས་སྐོར་ཅུང་ཟད་བཤད་པ།

དབང་ཆེན་མཁའ་འགྲོ།        2019-10-16

    གཅིག སློབ་ཁྲིད་ཀྱི་སྣེ་སྟོན་ལས་ཀ་ལེགས་པར་བསྒྲུབ་དགོས།

    སློབ་མའི་སྐད་ཡིག་སྦྱོང་བའི་སྤྲོ་སྣང་འཕེལ་དགོས་ན་ཐོག་མར་སློབ་མར་སྔོན་སྦྱོང་གི་ལས་འགན་འདོན་དགོས་ཏེ། གཅིག་ནས་ཚིག་མཛོད་སོགས་ལ་བརྟེན་ནས་སློབ་ཚན་ཁྲོད་ཀྱི་མིང་དང་ཚིག་གི་དཀའ་གནད་དང་དོགས་གནད་སེལ་དགོས་པ་དང་། གཉིས་ནས་བརྩེ་དུང་ལྡན་པའི་སྒོ་ནས་སློབ་ཚན་གྱེར་ཀློག་བྱས་ཏེ་སློབ་ཚན་གྱི་ནང་དོན་གཙོ་བོ་ཤེས་པ། གསུམ་ནས་སྔོན་སྦྱོང་གི་བརྒྱུད་རིམ་ནང་དུ་འཕྲད་པའི་དཀའ་གནད་དང་དོགས་གནད་འཛིན་ཐུབ་པ། བཞི་ནས་སློབ་ཚན་དངོས་སུ་འཁྲིད་སྐབས་དཀའ་གནད་དང་དོགས་གནད་ཆེད་དམིགས་ཀྱིས་སློབ་ཚན་ཉན་པར་སྤྲོ་བ་བརྟས་སུ་བཅུག་དགོས། དེ་ལྟར་ཡོང་ན་སློབ་མའི་བསམ་གཞིག་གི་ནུས་པ་འཕེལ་བར་འགྱུར་ལ། གནད་དོན་རྙེད་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་གོང་དུ་འཕེལ་ནས། སློབ་མར་སྐད་ཡིག་སློབ་སྦྱོང་བྱེད་པའི་བརྩོན་སེམས་ཤིག་ཆགས་ཐུབ་པར་མ་ཟད། རང་འགུལ་ངང་སློབ་སྦྱོང་བྱེད་པའི་གོམས་གཤིས་ཤིག་ཀྱང་འཇགས་ཐུབ། སློབ་ཁྲིད་ཀྱི་སྣེ་སྟོན་ལེགས་པོ་ཞིག་གིས་སློབ་མའི་སློབ་ཚན་དེ་སྦྱོང་འདོད་ཀྱི་སྤྲོ་སྣང་འཕེལ་ཐུབ་ཅིང་། སློབ་མའི་རང་འགུལ་རང་བཞིན་དང་། གསར་གཏོད་ཀྱི་རང་བཞིན་ཡང་སྐྱེད་སྲིང་ཐུབ་པས། སློབ་མའི་ལུས་སེམས་གཉིས་ཀ་སློབ་ཚན་ཐོག་འཁོར་ཐུབ་པར་ཕན་ནུས་ཆེན་པོ་ཐོན་ངེས་ཡིན། དེར་མ་ཟད་སློབ་ཁྲིད་སྣེ་སྟོན་གྱིས་སློབ་མར་སློབ་ཚན་གསར་པ་སློབ་སྦྱོང་བྱེད་པའི་བསམ་བློའི་གྲ་སྒྲིག་ཅིག་ཡོང་ཐུབ་པར་མ་ཟད། སློབ་ཚན་གང་དེའི་དམིགས་ཡུལ་གསལ་པོར་རྟོགས་ཐུབ་པ་དང་། ནང་དོན་གསར་པ་སློབ་པར་རྨང་གཞི་བཏིངས་ནས་སློབ་ཚན་གང་དེ་སྦྱོང་འདོད་ཀྱི་སྤྲོ་སྣང་འཕེལ་སྲིད་པར་ངེས།

    གཉིས། དགེ་སློབ་དབར་འབྲེལ་ལམ་ལེགས་པོ་ཞིག་འཛུགས་དགོས།

    དགེ་རྒན་གྱིས་སློབ་ཚན་གྱི་ཕྱི་ནང་ཚང་མར་དགའ་ཞེན་གྱིས་ཁེངས་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་དགོས་ཏེ། ཕྱོགས་མང་པོ་དང་ཟུར་མང་པོ་ནས་སློབ་མར་སེམས་ཁུར་དང་། རོགས་རམ་མང་ཙམ་བྱེད་དགོས་པར་མ་ཟད། སློབ་མ་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་དམངས་གཙོ་དང་། འདྲ་མཉམ། སྤྲོ་སེམས་བཅས་ཀྱིས་སློབ་མ་དང་ཕན་ཚུན་འབྲེལ་འདྲིས་བྱ་དགོས། དེ་ལྟར་བྱུང་ན། སློབ་མས་དགེ་རྒན་གྱིས་ཁོ་ཚོར་བཅངས་པའི་སེམས་ཁུར་ཚོར་ཐུབ་ཅིང་། དགེ་སློབ་དབར་གྲོགས་པོ་ལྟ་བུའི་འཆམ་མཐུན་གྱི་འབྲེལ་ཟམ་ཞིག་འཛུགས་ཐུབ། དགེ་རྒན་དང་འབྲེལ་འདྲིས་བྱེད་འདོད་ཡོད་ལ། དགེ་རྒན་གྱི་དོ་ཁུར་ཐོབ་འདོད་དེ་བས་ཀྱང་ཆེན་པོ་ཡོད། ཡིན་ནའང་སེམས་ཁོང་དུ་གནས་པའི་བཀག་རྒྱ་ཞིག་གིས་ཁོ་ཚོས་རང་ཉིད་ཀྱི་བསམ་འདུན་དེ་དག་ཕྱིར་མངོན་མི་ཐུབ་ཅིང་། རང་འགུལ་གྱིས་དགེ་རྒན་དང་འབྲེལ་འདྲིས་བྱེད་ཕོད་ཀྱི་མེད། དེས་དགེ་སློབ་དབར་རྒྱང་ཐག་བཀྱེད་ནས་དགེ་རྒན་གྱི་འཁྲིད་བྱའི་སློབ་ཚན་དེ་ཡག་པོ་ཞིག་སྦྱོང་འདོད་ཀྱི་བསམ་པ་སྐྱེ་མི་ཐུབ་ལ། ཐ་ན་རིག་ཚན་གང་དེར་ཞེན་པའང་ལོག་སྲིད། དེས་ན་དགེ་རྒན་གྱིས་རང་འགུལ་ངང་སློབ་མ་དང་ཉེ་བར་བཅར་ནས་སློབ་མར་རྒྱུས་མངའ་དང་ཤེས་རྟོགས་ཡོང་བ་བྱས་ཏེ། རང་ཉིད་སློབ་མའི་དགེ་རྒན་ཙམ་མ་ཟད་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཏུ་འགྱུར་བ་བྱ་དགོས། སློབ་མ་རྣམས་ཀྱིས་རྟག་ཏུ་དགེ་རྒན་ཆེ་གེ་མོ་ཞིག་ལ་དགའ་གུས་ཆེ་བའི་དབང་གིས་དགེ་རྒན་གང་དེས་ཁྲིད་པའི་རིག་ཚན་དེར་ཡང་རང་ཤུགས་སུ་དགའ་བར་བྱེད་ཅིང་། ཧུར་བརྩོན་ཆེན་པོས་སྦྱོང་གི་ཡོད། དགེ་སློབ་དབར་གྱི་འབྲེལ་བ་ཇེ་ཟབ་དང་ཇེ་ཉེར་སོང་ཚེ་སློབ་མའི་བརྩེ་སེམས་འཕེལ་ཐུབ་ལ། སྐད་ཡིག་གི་སློབ་ཚན་དེ་ཡང་ལེགས་པར་སྦྱོང་འདོད་ཀྱི་སེམས་ཤུགས་འཕེལ་ཐུབ་ཅིང་། སློབ་སྦྱོང་གི་རང་འགུལ་རང་བཞིན་དང་རིག་ཚན་དེ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཡང་ལྡབ་འགྱུར་གྱིས་འཕེལ་ཐུབ་པ་སྨོས་མེད་ཡིན། དེས་ན་དགེ་རྒན་གྱིས་སློབ་མར་ཕ་མའི་བུ་ཕྲུག་གི་འདུ་ཤེས་བཅངས་ནས་འདྲ་མཉམ་གྱིས་ལྟ་རྟོག་དང་སེམས་ཁུར་བྱས་ན་སློབ་མས་རང་ཉིད་ལ་དེ་བས་གུས་བཀུར་དང་དགའ་པོ་བྱེད་ངེས་ཡིན།

    སྐད་ཡིག་སློབ་ཁྲིད་ཁྲོད། སློབ་མའི་སྐད་ཡིག་སྦྱོང་འདོད་ཀྱི་སྤྲོ་སྣང་སྐྱེད་སྲིང་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ཏེ། དེས་དགེ་རྒན་རང་ངོས་ཀྱི་ཐབས་ལམ་དང་བྱང་ཚད་མངོན་ཅིང་། སློབ་མས་ཤེས་བྱ་ཁོང་དུ་ཆུད་པ་དང་ནུས་རྩལ་འཕེལ་བར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ། དེས་ན་དགེ་རྒན་གྱིས་སློབ་ཚན་འཁྲིད་པའི་བརྒྱུད་རིམ་ཁྲོད། བསླབ་གཞིར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་སྦྲགས་སློབ་མར་ཡང་ཞིབ་འཇུག་བྱས་ཏེ། འོས་ཤིང་འཚམ་ལ་ཕན་ནུས་ལྡན་ཞིང་། དོན་དངོས་དང་མཐུན་པའི་སློབ་ཁྲིད་ཀྱི་ཐབས་ཤེས་འཚོལ་ཞིབ་དང་བེད་སྤྱོད་གང་ཐུབ་བྱ་དགོས། དེ་ལྟར་བྱས་ན་སློབ་མས་ཤེས་བྱ་གསར་པ་དང་ལེན་དང་སློབ་སྦྱོང་བྱེད་པའི་འདུན་པ་ཇེ་ཆེར་འཕེལ་ཐུབ་ལ། སློབ་མས་སྐད་ཡིག་སློབ་ཚན་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཡང་ཇེ་ཆེར་འཕེལ་ཏེ་སྐད་ཡིག་གི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་ཐུབ་པར་སྙམ་མོ།།

  • ལེ་ཚན་སྔོན་མ།:ཁྲིད་ཐབས་རིགས་དང་པོའི་གནས་བབས་དང་ཕན་ཡོན་གླེང་བ།
  • ལེ་ཚན་རྗེས་མ།:སྐད་གཉིས་སློབ་གསོའི་གལ་ཆེན་རང་བཞིན་སྐོར་རགས་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།