སྐད་གཉིས་སློབ་གསོའི་གལ་ཆེན་རང་བཞིན་སྐོར་རགས་ཙམ་གླེང་བ།

་འབྲུག་གྲགས།        2019-10-16

     གཅིག རྒྱུ་ལའི་ནུབ་རྒྱུད་ཀྱི་ད་ལྟའི་སྐད་གཉིས་སློབ་གསོའི་གནས་བབ།

    སྤྱིར་རྒྱུ་ལའི་ནུབ་རྒྱུད་དུ་ཡུལ་ཤོག་བདུན་དང་གྲོང་རྡལ་གསུམ་ཡོད་པ་ལས་བརྒྱ་ཆ་གོ་དགུ་ནི་བོད་རིགས་ཡིན་ལ་དུས་རྒྱུན་འཚོ་བའི་ཁྲོད་དུའང་བོད་ཀྱི་སྐད་ཡིག་བཀོལ་བཞིན་ཡོད། ཡིན་ཡང་ལྷ་སྒང་དང་རྡོ་ར་དཀར་མོའི་སློབ་ཆུང་མ་གཏོགས་ས་ཁུལ་གཞན་དག་རིགས་གཉིས་པའི་སློབ་ཁྲིད་བྱེད་བཞིན་ཡོད་པས་དུས་རྒྱུན་གྲོང་ཁྱེར་ཡོངས་ཀྱི་མཉམ་རྒྱུགས་ཚད་ལེན་དུའང་ལྷ་སྒང་དང་རྡོ་ར་དཀར་མོའི་སློབ་ཆུང་གིས་ཨང་དང་པོ་ལེན་བཞིན་ཡོད་པ་རེད། དེའང་རྒྱུ་མཚན་ཡེ་ནས་མེད་པ་ཞིག་མ་ཡིན་ཏེ། ལྷ་སྒང་དང་རྡོ་ར་དཀར་མོའི་སློབ་ཆུང་གཉིས་ལ་མཚོན་ན་ས་གནས་སློབ་གསོའི་གནས་བབ་ལ་གཞིགས་ནས་སྐད་གཉིས་སློབ་གསོ་བེད་སྤྱོད་བྱེད་བཞིན་པ་དང་། ནུས་ཤུགས་ལྡན་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱས་ཡོད་པས་སློབ་མའི་སྤྱིའི་སློབ་སྦྱོང་གི་ཁོར་ཡུག་དང་ཤེས་བྱའི་ཚད་གཞི་སོགས་ས་ཁུལ་གཞན་ལས་ཕུལ་དུ་བྱུང་བ་ནི་གདོན་མི་ཟའོ།།

    གཉིས། སྐད་གཉིས་སློབ་ཁྲིད་ཀྱི་གལ་ཆེན་རང་བཞིན།

    སྤྱིར་སྐད་ཡིག་ནི་འབྲེལ་འདྲིས་བྱེད་པའི་ཡོ་བྱད་ཅིག་ཡིན་པ་དང་། མིའི་བརྩེ་དུང་མཚོན་བྱེད་ཀྱི་མེ་ལོང་ལྟ་བུ་ཡིན་པས། མི་རིགས་གང་དང་གང་ཞིག་ལའང་མེད་དུ་མི་རུང་བའི་ཡོ་བྱད་ལྟ་བུ་རེད། མདོར་ན། བསམ་བློའི་འཁྱེར་སོ་དང་། འདུ་ཤེས། དགའ་སྐྱོ་ཆགས་སྡང་བཅས་ཇི་མ་ཇི་བཞིན་མངོན་པར་བྱེད་ན། ཐབས་དམ་པ་ཞིག་ནི་རང་ལ་བྱང་ཆ་ཡོད་པའི་སྐད་དང་ཡིག་རིགས་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན། མི་རིགས་ཡོངས་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ་དང་མང་ཚོགས་ལ་སྐུལ་སློང་བཅས་བྱས་ནས་མེས་རྒྱལ་གྱི་འཛུགས་སྐྲུན་ལས་དོན་སྣ་ཚོགས་ནང་ཧུར་ཐག་གིས་ཞུགས་པའི་ཕན་ནུས་ལྡན་པའི་ཡོ་བྱད་གལ་ཆེ་བ་ཞིག་རེད། དེར་བརྟེན་ད་རེས་ནི་སྐད་གཉིས་སློབ་ཁྲིད་ཀྱི་བྱ་བར་ཤུགས་སྣོན་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་མི་རིགས་ཁག་མཉམ་དུ་གོང་འཕེལ་དུ་གཏོང་བའི་དུས་སྐབས་གལ་ཆེན་ཞིག་ཡིན།

    གསུམ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་།

    རང་རེའི་བོད་ཁུལ་དང་ལྷག་པར་དུ་ཁམས་མི་ཉག་ས་ཁུལ་ལ་མཚོན་ནས་བཤད་ན། བོད་ཀྱི་སྐད་དང་ཡི་གེ་ཟོལ་མེད་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་སློབ་མ་རྣམས་ཀྱི་རིག་གནས་ཆུ་ཚད་མཐོར་འདེགས་བྱུང་བ་ཅུང་མགྱོགས་ཤིང་། ཚན་རིག་ལག་རྩལ་གྱི་ཤེས་བྱ་བསླབ་པའང་ཅུང་ཟད་ཡག་པོ་འདུག དེ་ལས་ལྡོག་སྟེ་དགེ་རྒན་གྱིས་བོད་སྐད་མི་ཤེས་ཤིང་སློབ་མ་ནི་བོད་རིགས་རོང་འབྲོག་གི་བུ་ཕྲུག་ཡིན་ལ་རྒྱ་ཡིག་རྒྱ་སྐད་ཀྱི་ཆུ་ཚད་ཞན་པས། དགེ་རྒན་གྱིས་བློ་སེམས་རྣམ་དག་སྒོས་རྒྱ་སྐད་ཚིག་གཅིག་ཀྱང་མི་ཤེས་པའི་སློབ་མ་ལ་རྒྱ་ཡིག་གི་ལམ་ནས་ཁྲིད་ན་ཡར་རྒྱས་མེད་ལ། དེ་ནི་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་མི་ལེགས་པ་མིན་ལ་བོད་རིགས་བྱིས་པ་སྐྱེས་ཐོབ་ཀྱི་བླུན་རྨོངས་ཡིན་པས་ཀྱང་མ་རེད། སྤྱིར་སློབ་མ་དེར་གོ་བརྡ་འཕྲོད་པའི་སྐད་རིགས་མ་བཀོལ་བའི་རྐྱེན་གྱིས་རེད། དེ་ལྟར་བྱས་པའི་མཇུག་འབྲས་ནི་རྒྱལ་ཁབ་ཀྱི་མི་ཤུགས་དང་དངོས་ཤུགས་འཕྲོ་བརླག་ཏུ་བཏང་བ་ཙམ་མ་གཏོགས་འབྲས་བཟང་ཞིག་ཐོབ་པར་མི་འགྱུར་རོ།།

    མཇུག་བསྡུ་བའི་གཏམ།

    མདོར་ན། མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་ལ་རང་མི་རིགས་ཀྱི་སྐད་ཡིག་ཁོ་ན་ལ་བརྟེན་པ་ཙམ་གྱིས་མི་ཆོག་པར་སྔོན་ཐོན་མི་རིགས་རྣམས་ཀྱི་སྐད་དང་ཡི་གེ་སོགས་གང་ལ་གང་མཁོ་བརྟེན་དགོས་པ་ནི་འདས་པ་དང་ད་ལྟའི་འཛམ་གླིང་གི་འཕེལ་འགྱུར་ལ་བལྟས་ན་ཤེས་ཐུབ། དེ་བཞིན་དེང་རབས་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ལ་གཙོ་བོ་བོད་རང་གི་སྐད་དང་ཡི་གེ་གཉིས་ལ་བརྟེན་དགོས་ཤིང་། གཞན་ཡང་རྒྱ་ཡིག་དང་ད་དུང་ཆ་རྐྱེན་ཡོད་ན་ཕྱི་རྒྱལ་གྱི་ཡིག་རིགས་ཀྱང་བསླབས་ན་ལེགས། ཕྱི་ཕྱོགས་ལ་སྒོ་ཕྱེས་པ་དང་ཆབས་ཅིག་རྒྱལ་སྤྱིའི་བར་གྱི་འབྲེལ་བ་དང་། ས་གནས་བར་དང་། ཚན་རིག་ལག་རྩལ་གྱི་བརྗེ་རེས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ང་ཚོས་གཞན་གྱི་སྐད་ཡིག་སློབ་པའི་དགོས་པ་ནི་རང་གི་སྐད་ཡིག་བྱང་ཆུབ་པའི་རྨང་གཞིའི་སྟེང་མི་རིགས་གཞན་ལ་ཡོད་པའི་ཚན་རིག་གི་ཤེས་བྱ་སོགས་རང་ཡིག་ཏུ་བསྒྱུར་ཏེ་མི་མང་ཆེ་བས་ལས་སླ་བོར་གོ་རྒྱུ་དང་། ཁྱད་པར་དུ་བོད་རིགས་གཞོན་ནུ་ཚོས་བརྩོན་པ་ཆེར་བསྐྱེད་ཀྱིས་བོད་ཡིག་བསླབ་དགོས་པར་མ་ཟད། མི་རིགས་གཞན་དག་གི་སྐད་ཡིག་མཐར་ཕྱིན་པ་བསླབས་ཏེ་ཤེས་རྒྱ་ཆེ་རུ་གཏོང་བ་དང་བོད་ཀྱི་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། རང་གི་སྐད་ཡིག་མ་ཤོར་བའི་སྟེང་ནས་གཞན་གྱི་སྐད་ཡིག་སྦྱང་རྒྱུའང་ཤིན་ཏུ་གལ་ཆེ་སྟེ། བརྡ་མ་འཕྲོད་ན་གཞན་དང་འབྲེལ་བ་བྱེད་པའི་ཐབས་མེད། སུ་དང་ཡང་འབྲེལ་འདྲིས་མེད་པར་ལུང་ཀྱོག་གཅིག་པུར་གནས་ན་ཤེས་རིག་དང་དཔལ་འབྱོར་གང་ལའང་ཡར་རྒྱས་འོང་དཀའ་འོ།།

  • ལེ་ཚན་སྔོན་མ།:སློབ་མའི་སྐད་ཡིག་སྦྱོང་བའི་སྤྲོ་སྣང་འཕེལ་ཐབས་སྐོར་ཅུང་ཟད་བཤད་པ།
  • ལེ་ཚན་རྗེས་མ།:བོད་ཡུལ་གྱི་འོས་འགན་སློབ་གསོ་སྐོར་གླེང་བའི་གཏམ།
  • དོ་སྣང་ཆེ་བའི་རྩོམ།