ཇོ་བསྟོད་སུམ་ཅུ་བ་ལས་འཕྲོས་ཏེ་སྐབས་དེའི་བོད་ཀྱི་རྩོམ་རིག་སྐོར་ལ་ཟུར་ཙམ་དཔྱད་པ།

ཆོས་འཛོམས་ལྷ་མོ།        2019-10-16

    དེ་ཡང་འགྲོ་བ་མི་ནི་གོ་ལ་ས་སྒང་འདིའི་ཤེས་རྟོགས་ཀྱི་བདག་པོ་མི་དང་བསྒྱུར་བཀོད་མཁན་དུ་གྱུར་པ་ནས་བཟུང་། མི་རྣམས་ཀྱིས་འཇིག་རྟེན་ལས་ཤེས་རྟོགས་དང་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་དང་ཉམས་མྱོང་། ལག་ལེན་བཅས་ལས་ཕྱི་ནང་གི་དགོས་མཁོ་གང་རུང་ལ་དམིགས་ཏེ་དུས་གཏན་དུ་རང་ཉིད་ལ་དབང་ཞིང་རང་ཉིད་ཀྱིས་ལོངས་སུ་སྤྱོད་ཆོག་པའི་རྩོམ་རིག་ནུས་རྩལ་བསྐྱངས་པ་རེད། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས་རྩོམ་རིག་ཀྱང་མ་ལག་འཐུས་ཚང་ཅན་དུ་འགྲོ་བ་དང་བྱེད་ནུས་སྣ་མང་ཅན་དུ་གྱུར་ནས་སྤྱི་ཚོགས་བྱེད་ནུས་དང་ལྡན་པའི་གོ་རིམ་ཆགས་པ་རེད།

    མི་རིགས་སོ་སོར་རང་གི་གོམས་སྲོལ་དང་ཁྱད་གཤིས། ས་ཁོངས། རིག་གནས་དང་མཛེས་དཔྱོད་ལྟ་ཚུལ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། སྤྱི་ཚོགས་ཀྱི་གནས་བབ་དང་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སོགས་ལ་འཚམ་པའི་རྩོམ་རིག་གི་ལོ་རྒྱུས་ཡོད་པ་ནང་བཞིན་རང་ཅག་བོད་ལའང་གནའ་སྔ་མོ་ཞིག་ནས་བྱུང་ཞིང་དཀའ་ཚེགས་དང་ཀྱག་ཀྱོག་གི་ངང་ནས་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པའི་རྩོམ་རིག་གི་ལོ་རྒྱུས་ཡོད་པ་རེད། སྤྱིར་བཏང༼ རྩོམ་རིག ༽ ནི་འགྲོ་བ་མིས་རང་ཉིད་ལ་འཕེལ་རྒྱས་དགོས་མཁོའི་དབང་གིས་གསར་དུ་བསྐྲུན་པའི་སྤྱི་ཚོགས་འདུ་ཤེས་ཀྱི་ ཁོངས་སུ་གཏོགས་པ་ཞིག་ཡིན་པའི་ཆ་ནས་དེར་ཡང་དག་པའི༼ གཞུང་ལུགས ༽ ཤིག་ལྡན་དགོས་ཤིང་། ཅིའི་ཕྱིར་ན ༼ གཞུང་ལུགས ༽ མེད་པའི༼ རྩོམ་རིག༽ ནི་ནམ་ཡང་རླུང་གཡོར་བྲལ་བའི་གྲུ་གཟིངས་དང་མཚུངས་པས་ན༼ གཞུང་ལུགས༽ དེའང༼ འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བའི་ངོས་ནས་སོ་སོར་ཚུགས་ཐུབ་ཀྱི་མི་ཚེའི་ལྟ་ཚུལ་དང་རིན་ཐང་གི་ལྟ་ཚུལ་བྱུང་བ་ནས་རང་རང་གི༼ གཞུང་ལུགས ༽ ལ་རྒྱབ་རྟེན་བཅོལ་ཏེ་འགྲོ་བ་མི་ལ་ཞབས་འདེགས་ཞུ་བ་རེད། དཔེར་ན་《གེ་སར་རྒྱལ་པོའི་སྒྲུང》དང《རྗེ་བཙུན་མི་ལའི་མགུར་མ》།《ས་སྐྱ་ལེགས་བཤད》སོགས་ཀྱི་བརྩམས་ཆོས་དང《མ་ཎི་བཀའ་འབུམ》།《བཀའ་ཆེན་ཀ་ཁོལ་མ》《བཀའ་ཐང་སྡེ་ལྔ》 《བཀའ་བསྟན》སོགས་ཀྱིས་མཚོན་པའི༼ གཏེར་ཆོས༽ རྩོམ་རིག་ལྟ་བུ་རེད།

    《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》འདི་བསྟན་པ་ཕྱི་དར་དང་བོད་སིལ་བའི་དུས་སྐབས་ཀྱི་རྩོམ་རིག་འཕེལ་རྒྱས༼ འདིའི་སྐབས་ཀྱི་རྩོམ་རིག་འཕེལ་རྒྱས་ནི་ལྷ་ཆོས་གཙོ་བོ་བྱས་པའི་རྩོམ་རིག་གི་འཕེལ་རྒྱས་ལ་གོ ༽ཀྱི་ཐད་ལ་བྱས་རྗེས་ཧ་ཅང་ཆེ་བའི་སྐྱེས་ཆེན་དམ་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལགས་ཀྱིས་རང་གི་བླ་མ་སྟེ་བསྟན་པ་ཕྱི་དར་གྱི་མེ་རོ་སྟོད་ནས་གསོ་མཁན་གཙོས་དཔལ་ལྡན་ཨ་ཏི་ཤ་མར་མེ་མཛད་ཉིད་སྙིང་ནས་དྲན་པ་དང་ཡོན་ཏན་ལ་མཆོད་པར་བརྗོད་པ། ཁོང་གི་འཕྲིན་ལས་དང་མཛད་རྗེས་སོགས་གླེང་བའི་ཆ་ནས་བརྩམས་པ་ཞིག་ཡིན་ལ། ཁོང་དགེ་སློབ་གཉིས་ནི་རང་ཅག་བོད་དུ་ལྷ་ཆོས་ནང་བསྟན་བསྐྱར་དར་ཐད་དུ་དངོས་ནས་བཀའ་དྲིན་དང་ཕྱག་རྗེས་ཆེ་བ་མར་ཟད་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཕྱོགས་ལའང་ལག་རྗེས་མི་དམན་པ་བཞག་ཡོད་པ་རེད།

    སྐབས་འདིར་ང་ཚོས་ས་འཛམ་པོ་གླིང་དང་མཐོ་སྒང་པ་བོད་ཞིབ་བསྡུར་བྱས་ནས་ཀྱང་བལྟ་འོས་ཏེ། ད་ལྟ་གླེང་དང་གླེང་བཞིན་པའི་ནུབ་ཕྱོགས་ཀྱི་སྔོན་ཐོན་རིག་གནས་ཟེར་བ་དེ་བོད་སིལ་བའི་དུས་སྐབས་སུ་ག་འདྲ་ཡིན་པར་བལྟས་ཚེ། ནུབ་ཕྱོགས་པའི་ཤེས་ལྡན་པ་མང་ཤས་ཤིག་གིས་མི་ཚུལ་རིང་ལུགས་ཀྱི་གོ་རྟོགས་སད་པར་བྱས་ནས་མི་ཆོས་རིག་གནས་ཀྱི་ལས་འགུལ་ཏེ་རིག་རྩལ་བསྐྱར་དར﹙དུས་རབས༡༤པའི་སྟོད་ནས་དུས་རབས༡༧པའི་སྟོད﹚བསླང་བརྩིའི་སྒང་རེད་ལ། དེ་ནི་གསར་དར་གྱི་འབྱོར་ལྡན་གྲལ་རིམ་བསམ་བློ་བས་གནའ་རབས་ཀེ་རི་སི་རོ་མའི་རིག་གནས་སླར་གསོའི་དར་ཆ་བསྒྲེངས་ཏེ་བསམ་བློ་རིག་གནས་ཁྱབ་ཁོངས་སུ་བསླངས་པའི་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་དང་ཆོས་ཚོགས་ལ་ངོ་རྒོལ་གཏོང་བའི་བསམ་བློ་རིག་གནས་བཅིངས་འགྲོལ་གྱི་གཞི་ཁྱོན་ཆེན་པོའི་ལས་འགུལ་ཞིག་ཡིན། དེ་ནི་ཡོ་རོབ་གླིང་གི་ལོ་རྒྱུས་སྟེང་གི་ཁྱད་པར་ཅན་གྱི་དུས་རིམ་ཞིག་ཡིན་ལ། འགྲོ་བ་མིའི་ལོ་རྒྱུས་ཀྱི་རླབས་ཆེ་བའི་གསར་བཅོས་དུས་སྐབས་ཤིག་ཆོས་ལུགས་བཅོས་བསྒྱུར་མཁན་དང་པོ་ཏན་ཏེའི《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》ནི་ཆོས་སྲིད་འདྲ་མཉམ་དང་ཆོས་སྲིད་སོ་སོར་དགར་རྒྱུའི་ཆབ་སྲིད་ཀྱི་ལྟ་བ་བཏོན་པ་རེད་ལ། མི་ཚུལ་རིང་ལུགས་ཀྱི་རྩོམ་རིག་བརྩམས་ཆོས《ལྷའི་རོལ་དབྱངས》མི་ཡུལ་དུ་བཀྲམ་ཞིང་མི་ཆོས་རིག་གནས་གླེང་བ་རེད། ཧ་ལམ《ཇོ་བོ་རྗེའི་བསྟོད་པ་སུམ་ཅུའམ》སྐབས་དེའི་བོད་ཀྱི་རྩོམ་རིག་དང་དུས་མཉམ་པའི་ཡོ་རོབ་གླིང་གི་རྩོམ་རིག་ནི་དུས་རབས་དཀྱིལ་མའི་རྩོམ་རིག་ཡིན་ཏེ། དེར་ཆོས་ཚོགས་རྩོམ་རིག་དང་ལོ་རྒྱུས་སྙན་རྩོམ། གླུ་གཞས། རྟ་ཐོག་རྩོམ་རིག་དང་གྲོང་ཁྱེར་གྲོང་མིའི་རྩོམ་རིག་བཅས་ཡོད་ཅིང་། དེ་དག་ལས་ཆོས་ཚོགས་རྩོམ་རིག་མ་གཏོགས་གཞན་དག་ལྷ་ཆོས་ཀྱི་རྣམ་པ་ལས་བྲལ་ཏེ་སྤྱི་ཚོགས་འཚོ་བ་དངོས་མཚོན་པའི་ཕྱོགས་སུ་བསྐྱོད་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:སློབ་འབྲིང་སློབ་མའི་སྐད་ཡིག་དང་གསར་རྩོམ་གྱི་ཆུ་ཚད་མཐོར་འདེགས་གཏོང་ཐབས་ཀྱི་ཉམས་མྱོང་ཙམ་བརྗོད་པ།
  • ལེ་ཚན་རྗེས་མ།:ཁྲིད་ཐབས་རིགས་དང་པོའི་གནས་བབས་དང་ཕན་ཡོན་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།