ཚེ་རིང་རྡོ་རྗེ། 2019-10-16
“ལྡེ་མིག་རེ་ལ་ཟྭ་རེ་སྡེབ”ཞེས་པ་ནི་ངས་སློབ་སྦྱོང་བྱེད་ཐབས་ཐད་ལ་བཟུང་བའི་ལྟ་བ་ཡིན། སློབ་འབྲིང་གི་སློབ་ཚན་ཅུང་མང་བ་དང་། བསླབ་ཚན་མི་འདྲ་བར་ཁྱད་ཆོས་མི་འདྲ་བ་ཡོད་པས། སློབ་སྦྱོང་བྱེད་ཐབས་ནི་རྩོམ་བརྒྱ་དོན་གཅིག་ཏུ་གཏན་ནས་འགྱུར་མི་སྲིད། ཆེས་བཟང་བ་ནི་དགེ་རྒན་གྱི་རིག་ལམ་དང་བསྟུན་ནས་རིག་ཚན་འདིའི་ཆོས་ཉིད་བཙལ་ཏེ་འཇུག་སྒོ་རྙེད་ཅི་ཐུབ་བྱ་བ་དང་། དེ་ནས་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། རིག་ཚན་མི་འདྲ་བར་སློབ་སྦྱོང་བྱེད་སྟངས་མི་འདྲ་བ་ཆགས་སུ་འཇུག་དགོས། སློབ་མ་ཚོས་ངེས་པར་དུ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ལེགས་བཅོས་རྒྱུན་ཆད་མེད་པར་བྱས་ཏེ། རང་ཉིད་ལ་ཆེས་འཚམ་པའི་བྱེད་ཐབས་ཤིག་འཚོལ་ཞིབ་བྱ་དགོས།
མི་ལ་ལས་སྐད་ཡིག་རྒྱུགས་ལེན་པར་ཁ་ལས་རླུང་རྟ་ལ་བརྟེན་དགོས་པ་དང་། ཡང་ལ་ལས་ཚོར་སྣང་ལ་བལྟ་དགོས་ཟེར། ཁ་ལས་རླུང་རྟ་བཟང་བའམ་ཚོར་བ་འགྲིག་ན། སྐར་མ་མཐོ་ཙམ་ཐོབ་པའི་ངེས་པ་མེད། སློབ་གྲོགས་འགའ་དང་འབྲེལ་འདྲིས་བྱེད་པ་དང་། རང་ཉིད་ཀྱིས་ཀྱང་སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་ཉམས་མྱོང་བསྡུ་ལེན་བྱས་ཏེ། རིམ་བཞིན་སྐད་ཡིག་སྦྱོང་བའི་ཚན་རིག་དང་མཐུན་པའི་ཐབས་ཤེས་ཤིག་འཚོལ་ཐུབ་དགོས།
སློབ་སྦྱོང་བྱེད་པའང་ཐོག་མར་དཔེ་ཆ་མང་ཙམ་ལ་བལྟ་དགོས་པ་ནི་མི་ཚང་མར་ཡོད་པའི་མྱོང་ཚོར་དང་འགྱུར་བ་མེད་པའི་ཆོས་ཉིད་རེད། དཔེར་ན་གསར་རྩོམ་གྱི་ནུས་པ་མཐོར་འདེགས་ལ་རྩོམ་རིག་གྲགས་ཅན་གྱི་བརྩམས་ཆོས་སམ་ཡང་ན་ཚགས་པར་དང་དུས་དེབ་ལ་བལྟ་བ་བརྒྱུད་ཚེ་སྐད་ཆ་ཤོད་སྟངས་སྐྱེད་སྲིང་ཐུབ་ཅིང་། ད་དུང་རྩོམ་རིག་གི་རྒྱུན་ཤེས་མི་ཉུང་བ་ཞིག་དང་དེ་བཞིན་ངོ་མཚར་ཆེ་བའི་ལྟ་བ་གསར་པ་ཁག་ཅིག་ཀྱང་ཤེས་ཀྱི་ཡོད། ད་ལྟའི་སྐད་ཡིག་གི་རྒྱུགས་ལ་དཔེ་ཀློག་གིས་བསྡུར་ཚད་ཧ་ཅང་ཆེན་པོ་ཟིན་ཡོད། དེར་གནའ་རྩོམ་བཀླག་དགོས་པར་མ་ཟད། ད་དུང་ཚན་རྩལ་གྱི་རྩོམ་ཡིག་དང་དེང་རབས་ཀྱི་རྩོམ་ཡིག་ཀྱང་བཀླག་དགོས། སློབ་ཁྲིད་ཐོག་ནུས་པ་དེ་དག་ཐམས་ཅད་གསོ་སྐྱོང་བྱེད་པ་ནི་རྩ་བ་ནས་མི་སྲིད་པས། སློབ་གསེང་གི་འབད་བརྩོན་ལ་བརྟེན་དགོས་སོ། །
ངས《ཀློག་པ་པོ》ཞེས་པའི་དུས་དེབ་ལ་བལྟ་རྒྱུར་དགའ་ཞིང་དེ་ལས་དམིགས་བསལ་གྱི་ལྟ་བ་མང་པོ་རྟོགས་ཐུབ་པ་དང་རང་ཉིད་ཀྱང་བསམ་བློ་གཏོང་བར་དགའ་བར་གྱུར། ལྷག་པར་དུ་རྩོམ་འབྲི་སྐབས་ང་ལ་རྟག་ཏུ་དེའི་བློ་སྒོ་འབྱེད་ཀྱི་ཡོད། ད་ལྟ་རྩོམ་ཡིག་དཔྱད་བསྡུར་གྱི་སྐར་གྲངས་ཚད་གཞི་ཧ་ཅང་གལ་ཆེ་བ་ནི་གསར་གཏོད་དང་རྣམ་པ་གསར་བའི་ལྟ་བ་ཡོད་མེད་དེ་ཡིན། ལྟ་ཚུལ་དེ་ལྟ་བུ་ནི་ཁུངས་མེད་དུ་འབྱུང་ཐུབ་པ་ཞིག་མིན། དེ་ནི་རང་གི་ཉམས་མྱོང་དང་རང་གི་མི་ཚེའི་མྱོང་ཚོར་ལ་རག་ལས་ཡོད། དེ་བས་དུས་ཚོད་དང་དངུལ་ལོར་ཚང་མར་ཚོད་འཛིན་ཡོད་པའི་གནས་ཚུལ་འོག《ཀློག་པ་པོ》ཞེས་པ་དེར་བལྟས་ན་རྩོམ་འབྲིའི་ནུས་པ་མཐོར་འདེགས་བྱེད་པའི་མགྱོགས་ལམ་ཞིག་ཡིན་པའང་ཐེ་ཚོམ་མེད།
གཞན་ཡང་ཁོམ་པ་ཡོད་དུས་ཚིག་མཛོད་མང་པོ་བསློགས་ནས་ཉིན་རྒྱུན་དུ་སྒྲུབ་ཐུབ་པ་དང་ཉིན་རེར་ཁ་ཤས་ཟིན་ཐོར་བཀོད་ཚེ་ཉུང་བ་བསགས་ནས་མང་པོར་གྱུར། དགེ་རྒན་གྱིས་ཉིན་རེར་སློབ་ཁང་གི་སྒོ་སམ་དུ་གཏམ་དཔེ་དང་ནོར་འཁྲུལ་འབྱུང་སླ་བའི་མིང་ཚིག་དང་ཀློག་ནོར་སླ་བའི་ཡི་གེ་སོགས་བྲིས་ཏེ་སློབ་མར་བཤུ་འབྲི་བྱེད་དུ་བཅུག་པ་དང་། སློབ་ཐུན་གྲོལ་རྗེས་ཚང་མར་རང་འགུལ་ངང་ལྟ་རུ་བཅུག་པའི་རེ་བ་བཏོན་ན་ཐ་སྙད་སོགས་འཇོག་ལ་ནུས་པ་ཆེ་ཆེར་ཐོན་པ་གདོན་མི་ཟ། ཐ་སྙད་སོགས་འཇོག་གི་ཆུ་ཚད་ཀྱིས་ཐད་ཀར་གསར་རྩོམ་གྱི་ནུས་པར་ཤུགས་རྐྱེན་ཐེབས་པས་སོ། །
ད་དུང་རྩོམ་འབྲིའི་ཕྱོགས་སུ། དཔེ་ཆ་མང་པོ་དང་ཚགས་པར་ལ་ལྟ་བ་དང་། ཉིན་ཐོ་དང་གཟའ་ཐོ་སོགས་འོས་འཚམ་བྲིས་ཏེ། ཡིག་རྩལ་སྦྱོང་བརྡར་བྱས་ན། ཡུན་རིང་འགོར་ནས་དེ་ལྟར་འབྲི་ཐུབ་ངེས་ཡིན། གླུ་ལ་ཉན་པར་དགའ་བའི་སློབ་གྲོགས་ཁ་ཤས་ཀྱིས་རྒྱུན་དུ་གླུ་ཚིག་བློར་འཛིན་པ་དང་རྩོམ་འབྲི་བའི་སྐབས་སུ་བཀོལ་སྤྱོད་བྱེད་པ་ནི་བྱེད་ཐབས་ལེགས་པོ་ཞིག་ཡིན་ལ་མ་མཐའ་ཡང་སྐད་ཆའི་སྟེང་ནས་དགེ་མཚན་མི་ཉུང་བ་ཞིག་ཟིན་ཡོད། ཚིག་སྙན་པོ་འགའ་བློར་བཟུང་སྟེ་རྒྱུན་པར་བཀོལ་སྤྱོད་བྱེད་པས་ཀྱང་རྩོམ་འབྲིའི་ཆུ་ཚད་རང་བཞིན་གྱིས་ཇེ་མཐོར་འགྲོ་ངེས་ཡིན།
མདོར་ན། གསར་རྩོམ་གྱི་ནུས་པ་ནི་དུས་རྒྱུན་གྱི་གསོག་འཇོག་ལ་རག་ལས་ཤིང་།“ཚོར་བ་”འགའ་ཞིག་གློ་བུར་དུ་རིག་ཀློང་རྡོལ་བར་ཕུད། དུས་རྒྱུན་ཆུ་ཚད་དང་ཡིག་ཚད་གཉིས་འདྲ་བ་ཡིན། གསར་རྩོམ་ནི་ནས་ཆང་དང་འདྲ་བར་ཇི་ལྟར་བཙོས་ན་དེ་ལྟར་བཅུད་ཆེ་བས་སྟེས་དབང་གི་བསམ་ཚུལ་བཅངས་ནས“ངོ་མཚར”འབྱུང་བར་རེ་སྒུག་བྱེད་པ་ལས། ཏན་ཏིག་གིས་འབད་པ་བྱས་ན་ཉིན་ཞིག་རང་ཉིད་ཀྱི“ཚོར་བ”ཇེ་བརྟན་དུ་སོང་ཞིང་འབྲས་བཟང་ཡང་སྨིན་ངེས་སོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10