​དགེ་རྒན་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུ།

ཁ་བ་སྙན་གྲགས།        2019-09-18

སློབ་དཔོན་བཀའ་དྲིན་ཅན་གྱི་ཐུགས་འོག་ནས།།

སློབ་མ་སྟོང་ཕྲག་མང་པོ་འཚར་ལོངས་བྱུང་།།

མ་རིག་མུན་པ་ཡོངས་རྫོགས་གསལ་མཁས་པའི།།

བདག་གི་དགེ་རྒན་དད་གསུམ་སྤྱི་བོས་མཆོད།།


འཇམ་མགོན་རྣམ་སྤྲུལ་སློབ་དཔོན་ཐོན་མི་ཡིས།།

མཐའ་འཁོབ་ཡུལ་གྱི་རྨོངས་པ་སེལ་བ་ལ།།

སྲིད་པའི་སྒྲོལ་མེ་ས་གཞིར་འཕྲོས་པ་ལྟར།།

སློབ་དཔོན་ཐོན་མིའི་བཀའ་དྲིན་བརྗེད་ཐབས་བྲལ།།


དེ་རིང་བཀྲ་ཤིས་དུས་བཟང་ཉིན་མོ་ལ།།

མི་ཚེའི་དྲིན་ཆེན་དགེ་རྒན་ཡོངས་ལ་ནི།།

མ་གསང་སེམས་ཀྱི་སྙིང་གཏམ་དྲོན་མོ་རེའི།།

དུས་ཆེན་བསུ་མ་ལོས་བྱས་དྲིན་ཆེན་དགེན།།


མི་ལོ་དུ་མའི་ངལ་བ་ཁྱད་བསད་དང་།།

མི་ཁ་རླུང་གིས་ཁ་ཕྱོགས་མ་བསྒྱུར་བ།།

དཔལ་འབྱོར་སོགས་ཀྱིས་བསླུ་བྲིད་མི་ཐེབས་པར།།

དྲིན་ཆེན་དགེ་རྒན་ཡོངས་ཀྱིས་དུས་ཆེན་བསུ།།


ཕྱི་ཡི་མཛེས་སྡུག་མིག་གི་དགའ་སྟོན་ལ།།

ནང་གི་དཔལ་ཡོན་བླ་མེད་མཆོག་མངའ་བའི།།

བོད་རིགས་དགེ་རྒན་ཡོངས་ལ་འཚམས་འདྲི་དང་།།

དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ།།


མཆོག་སྤྲུལ་ཁྱེད་ཀྱི་ལྷག་བསམ་གངས་ཀྱི་རི།།

འགྲོ་བའི་མི་ལ་བྱམས་ཤིང་འགྲོ་དོན་མཛད།།

མ་ནོར་ལམ་བཟང་གསལ་བར་སྟོན་པའི་མགོན།།

བློ་བཟང་བྱམས་པའི་མཛད་འཕྲིན་རྒྱས་གྱུར་ཅིག །


སྒོ་གསུམ་གུས་འོས་དྲིན་ཆེན་དགེ་རྒན་གྱིས།།

ཀ་ཁའི་སྦྱོར་ཀློག་ཐོག་མར་བསླབས་པ་དང་།།

བགྲང་བྱ་དྲུག་གིས་སློབ་གསོའི་ལམ་སྟོན་མཁན།།

ཐུབ་བསྟན་ཕུན་ཚོགས་ནམ་ཡང་བརྗེད་མེད་ཡིན།


རབ་འབྱམས་ཆོས་ཀུན་མཁྱེན་པའི་འཇམ་དཔལ་དངོས།།

རྨད་བྱུང་གསང་བའི་རྒྱ་མཚོའི་གཏིང་རིམ་དུ།།

ཇི་སྙེད་གནས་ལུགས་བློ་ཡིས་མཁྱེན་གཟིགས་པ།།

ཨ་འབུམ་དམ་ཆོས་ནམ་ཡང་བརྗེད་མེད་ཡིན།།


གཞན་ཕན་ལས་ལ་བརྩོན་པའི་སྐྱེ་བོ་མཆོག།

ཉམ་ཐག་མི་རིགས་སྐྱོང་མཁན་ལྷག་བསམ་ཅན།།

རང་དཔེ་གཞན་སྟོན་ཐུབ་པའི་དགེ་རྒན་ཏེ།།

དཔའ་བུ་བསོད་སྟོབས་ནམ་ཡང་བརྗེད་མེད་ཡིན།།


ཐུགས་རྒྱུད་ལྷག་བསམ་དཀར་བ་གངས་ཀྱི་རི།།

མཁྱེན་རབ་མཐའ་དག་མངའ་བས་ས་པཎ་ཉིད།།

གཟུར་གནས་སློབ་བུའི་རྨོངས་པ་ཀུན་གསལ་ཏེ།།

འབྲས་ཚལ་བསྟན་པ་ནམ་ཡང་བརྗེད་མེད་ཡིན།།


བཤེས་གཉེན་ཁྱེད་སྐུ་རི་རྒྱལ་ལྷུན་པོ་ལ།།

སློབ་གསོའི་མན་ངག་དཔྱིད་ཀྱི་ཕོ་ཉ་ལ།།

མཁྱེན་ཡངས་ཐུགས་ཀྱི་དགོངས་པ་རབ་གསལ་བའི།།

ལྕང་ཞབས་འགྱུར་མེད་ཚེ་དབང་བརྗེད་མེད་ཡིན།།


གནས་ལྔ་སྨྲ་བའི་མཁས་པ་ཇི་སྙེད་ཀུན།།

ཤེས་ཡོན་མ་ལུས་གཅིག་ཏུ་བསྡུས་པ་ལྟར།།

གངས་ཅན་ཁ་བའི་ལྗོངས་ཀྱི་ཡིག་མཁན་ཞིག།

བསོད་ནམས་དབང་རྒྱལ་ནམ་ཡང་བརྗེད་མེད་ཡིན།།


སྐུ་ན་ཕྲ་ཞིང་ཕུགས་བསམ་བླ་ལྷག་ཅན།།

སློབ་གསོའི་ཉམས་མྱོང་ཅན་གྱི་དགེ་རྒན་ཞིག །

འོས་འགན་ལག་ལེན་ཐུབ་པའི་གཞོན་ནུ་མ།།

དགེ་རྒན་ཁྱེད་ནི་ནམ་ཡང་བརྗེད་མེད་ཡིན།།


རྨོངས་གཉིད་ལེ་ལོའི་བག་འཁུམ་མི་རིགས་འདིའི།།

སྲོག་རྩ་ཉག་གཅིག་སྐད་དང་ཡི་གེ་ཡི།།

གསོན་ཤུགས་རྒྱས་པའི་སྐད་ཡིག་ལང་ཚོའི་དཔལ།།

གདུལ་བྱའི་ཚོགས་ལ་སྩོལ་བ་རྣམས་ཀྱིས་དྲིན།།


དགེ་རྒན་གང་དེས་གསུང་གི་བདུད་རྩི་ཡིས།།

ཡིད་ཀྱི་རྨོངས་སེལ་མི་ཚེའི་ཐབས་ཀྱི་མཆོག །

མ་ལུས་ཤེས་བྱ་ཀུན་ལ་འཇིགས་བྲལ་གྱུར།།

དགེ་རྒན་མཆོག་རྣམས་རིགས་ཀྱི་མགོན་སྐྱབས་ཡིན།།


ལྟ་བ་མཁྲེགས་སུ་མི་འཛིན་གུ་ཡངས་ཅན།།

ཕྱོགས་རེས་ཞེན་ཁོག་མེད་པའི་དགེ་རྒན་དང་། །

སྐད་ཡིག་གཙུག་ཏུ་བཞེས་པའི་སློབ་གསོ་བ། །

སྐུ་ཚེ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །



  • ལེ་ཚན་སྔོན་མ།:དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་ངག
  • ལེ་ཚན་རྗེས་མ།:གངས་ཅན་ཡི་གེ་བྱེད་པོ་སློབ་དཔོན་ཐོན་མི་ལ་ཕུལ་བའི་བསྟོད་ཚིགས་མནྡ་རའི་ཕྲེང་བ།