དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་ངག

ཨ་ཀྲད།        2019-09-12

ང་ཚོ་ཆུང་ཚེ་ལོ་གཅིག་ལོ་གཉིས་དུས།།

ཕ་མ་གཉིས་ཀྱི་འཚོ་བའི་རུམ་ཁུག་ཏུ།།

ཧ་ཧ་དགོད་ཅིང་ཧུ་ཧུ་ངུ་བཞིན་དུ།།

ཞིམ་པོའི་ཟས་ཀྱིས་ཉིན་བཞིན་ལོངས་སུ་སྤྱོད།།

འཁྱག་ལྟོགས་མི་འདྲེས་སྐྱིད་ཀྱི་སྣེ་རུ་ཡོད།།

ཁ་འཇམ་ཚིག་འཇམ་ཨ་ཕོ་དགའ་དགའ་དང་།།

ཨ་མའི་བུ་གཅེས་ཨ་ཕའི་བུ་གཅེས་ཞེས།།

གཅིག་ནས་གཉིས་དང་གཉིས་ནས་གསུམ་དུ་གཅེས།།

འོན་ཀྱང་ལོ་ཚོད་དྲུག་དང་བདུན་ཐོན་ཚེ།།

ད་ནི་བུ་ཁྱོད་སློབ་གྲྭར་འགྲོ་རན་ཞེས།།

རྒྱབ་ཏུ་དཔེ་ཁུག་ལག་ཏུ་སྙུ་གུ་བཅས།།

ནན་དུ་བཟུང་ནས་སློབ་གྲྭར་བསྐྱལ་བའི་ཚེ།།

ང་ཚོའི་སེམས་སུ་ཅི་ཞིག་བྲལ་བ་ལྟར།།

བོར་སྟོང་བྱུང་ལྟར་སྐྱོ་བ་ཆེན་པོ་ཡིས།།

ཕ་མར་ལྟ་བཞིན་སློབ་གྲྭར་འགྲོ་བ་ཡིན།།


དེ་ནས་རིམ་བཞིན་སློབ་གྲྭར་ཐོན་པའི་ཚེ།།

ང་ཚོར་སླར་ཡང་ཕ་མ་གཉིས་པ་བྱུང་།།

དེ་ཚེའི་ཕ་མ་ཅུང་ཙམ་སྔོན་ཆད་ལྟར།།

ཞི་རྒྱས་དབང་དྲག་རིམ་པ་བཞིན་དུ་བྱུང་།།

ལ་ལ་ཞི་ཞིང་དུལ་བའི་ངང་དུ་རྒྱུ།།

ལ་ལ་རྒྱས་ཤིང་བཙན་ལ་བཙན་པར་བྱུང་།།

ལ་ལ་དྲག་པོ་ཧ་ཅང་འཇིགས་པོར་གྱུར།།

དེ་ལྟར་ལོ་ངོ་དྲུག་དང་བདུན་ནས་བཟུང་།།

ང་ཚོར་འཚོ་བ་གསར་པ་རིམ་བཞིན་བརྩམས།།

སློབ་གྲྭའི་ནང་དུ་དགེ་རྒན་རྣམ་པའི་ཞབས།།

བརྩེ་བས་བསྐྱངས་པའི་མི་ལོ་ག་ཤེད་ཁྲོད།།

བྱིས་པའི་དུས་ཀྱི་མི་ཚེ་རྒྱང་དུ་ཡལ།།

ཤེས་ཡོན་གཉིས་ཀྱི་རིག་པའི་ཁྱུ་ཚོགས་དང་།།

ཀུན་སྤྱོད་གཙང་ལ་མི་གཞི་གཉེན་པོ་ཡི།།

རིག་པའི་བུ་ཚོགས་མང་ནས་མང་དུ་གྱུར།།

རང་ཉིད་ངོས་ཀྱི་ཕ་མ་ལྟ་བུ་ཡི།།

དགེ་རྒན་དེ་དག་ཅི་འདྲ་བཀའ་དྲིན་ཆེ།།

འབྱུང་འགྱུར་ཁྲོད་ཀྱི་མི་ཚེ་གང་དུ་ཡང་།།

ནམ་ཞིག་བདེ་ལ་སྐྱིད་ཀྱི་ལམ་ཟིན་ཚེ།།

ཁྱེད་ཅག་མི་དྲན་སུ་ཞིག་གང་ཞིག་དྲན།།



  • ལེ་ཚན་སྔོན་མ།:དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་ཆུང་ངུ་།
  • ལེ་ཚན་རྗེས་མ།:​དགེ་རྒན་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུ།