ཨ་མའི་ཕྱག་ཟུང་།

སྤེན་ཚེ་གཞོན་པ།        2019-05-29

    དུས་ཚོད་ནི་གཞུ་ནས་ཤོར་བའི་མདའ་མོ་ལྟར་སྐད་ཅིག་སྐད་ཅིག་ལ་མདུན་ནས་མདུན་དུ་བཞུད་པས། སེ་གོལ་ཏོག་གི་ཡུན་ལ་ང་རང་ཡང་ཕ་མའི་ཁུ་ཁྲག་སེམས་གསུམ་ལས་འདུས་ཏེ་གྲུབ་པའི་ཙིར་ཙིར་ཟེར་བ་ཙམ་ལས་ཤ་རྡོག་ཆུང་ཆུང་གཅིག་ནས་ད་ལྟ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་ནས་ན་མཉམ་སྐྱེ་བོ་ཀུན་དང་མཚུངས་པའི་ལུས་ཀྱི་དབང་པོ་ཡན་ལག་རྒྱས་པའི་ཕོ་གཞོན་ཞིག་ཏུ་གྱུར་པ་དང་། ཀ་ན་ཙམ་ཡང་མི་ཤེས་ཤིང་། རང་དབང་གི་ཐལ་རྩེད་ཁོ་ནར་མགོ་འཁོར་བའི་བསམ་མེད་དྲན་མེད་ཀྱི་བྱིས་པ་པྲ་ཚགས་ཅན་ཞིག་ནས། ད་ཆ་ཤེས་རིག་གི་རྒྱན་ཆས་རང་ཉིད་ཀྱི་ལུས་ཕུང་མཛེས་པར་བྱས་ཤིང་། དཔེ་ཁྲིད་མི་སྐྱོང་གི་བྱ་བའི་འཁུར་ཆེན་ལྷུ་རུ་བླངས་ཏེ། སྐལ་ལྡན་བུང་བའི་ཚོགས་ལ་ཤེས་རིག་གི་སྦྲང་རྩིའི་རོ་བཅུད་ངོམས་མེད་དུ་སྦྱིན་རྒྱུ་བྱུང་བ་སོགས་རང་ཉིད་ལ་མངའ་བའི་ལེགས་ཚོགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གཞི་ནི་ཨ་མའི་ཕྱག་ཟུང་གིས་བསྐྱངས་པའི་བཀའ་དྲིན་ཉག་ཅིག་ཡིན།

    ཆུང་དུས་སུ་དྲིན་ཅན་སྐྱེད་མས་གཙང་བཙོག་ལ་མ་འཛེམ་པར་འཇམ་མཉེན་གྱི་ཕྱག་ཟུང་གིས་བདག་གི་སྣ་ལུད་དང་ཐལ་རྡུལ་གྱི་སྦགས་པའི་ངོ་གདོང་གཙང་མར་འཁྲུད་ཅིང་ཟས་སྣུམ་བྱུགས་ཏེ་སྣུམ་ཐིང་ཐིང་དུ་བྱས་པ་དང་། ཐལ་རྡུལ་གྱིས་སྦགས་པའི་མགོ་སྐྱེས་གཙང་མར་བཀྲུས་ཏེ་སོ་མང་གི་ཤད་ནས་འོད་ཀྲིག་ཀྲིག་ཏུ་གྱུར་དུས། ད་དུང་དབྱར་དུས་སུ་ལུས་པོ་གཙང་མར་བཀྲུས་ནས་སྣུམ་བྱུགས་པ་སྟེ་བྱུགས་པ་གནང་སྐབས་སུ་ངའི་སེམས་ནང་རྟག་ཏུ་ང་རང་ནི་འཇིག་རྟེན་འདིའི་ཐོག་ཏུ་བདེ་སྐྱིད་ཆེ་ཤོས་ཀྱི་བྱིས་པ་ཞིག་ཡིན་བསམ་གྱིན་ཡོད།

    སྐྱ་ཟད་སྔོ་རྡུགས་ཀྱི་བྱིས་དུས་ཀྱི་འཚོ་བར་ཡང་ང་རང་གྲོད་ཁོག་ལྟོགས་པར་བསྡད་པ་ངས་ད་ལྟའང་དྲན་གྱིན་མི་འདུག་ལ། དེ་ལས་ལྡོག་ཏེ་ངའི་ཡིད་ཀྱི་དྲན་པའི་རྩིག་ལྡེབས་སུ་གཟུགས་ཅན་བཞིན་འཆར་འོངས་བ་ནི། དྲིན་ཅན་ཡབ་ཡུམ་ཟུང་གིས་ཟ་ཆུང་འཁུམ་ཆུང་དང་གྲོན་ཆུང་བསྲི་ཚགས་གནང་སྟེ།  རང་གི་ཤ་བཅད་པའི་གཅེས་ཕྲུག་ཚོར་ལྟོ་བ་ལྡིར་ལྡིར་ཡོང་བ་གནང་གི་ཡོད་པས། རྟག་ཏུ་ཨ་མའི་ཕྱག་ཟུང་གི་རྩོལ་བ་ལས་གྲུབ་པའི་བག་ལེབ་སྣུམ་གཟན་དེ་ནི།  ཟས་ན་ཁ་ལ་ཞིམ་ལ། བལྟས་ན་མིག་ལ་མཛེས་པའི་ཡོན་ཏན་གྱིས་རབ་ཏུ་ཕྱུག་པའི་རོ་བརྒྱའི་ཟས་མཆོག་དེར་ལོངས་སུ་སྤྱད་དེ་བདག་གི་ལང་ཚོ་རིམ་བཞིན་རྒྱས་བྱུང། ད་ལྟ་བསམ་དུས་ཟས་མཆོག་དེ་ནི་དེང་གི་གྲོང་ཁྱེར་ཆེན་མོའི་སྒོ་རྩིས་ཚོང་ཁང་ཆེ་ཁག་ནང་གི་ཟས་རིགས་དེ་དག་གིས་ཀྱང་དོ་ཟླར་ག་ལ་འོངས་ཏེ། ནམ་ཡང་མི་འོངས་སོ།།

    དྲིན་ཅན་སྐྱེད་མས་རང་གི་གཅེས་ཕྲུག་ཚོར་རྒྱབ་མི་གྲང་བའི་གོས་ཤིག་གི་ཆེད་དུ།  ཉིན་མོར་ཐགས་ཁྲིའི་སྟེང་དུ་མགྲོན་བུ་ཕར་གཡུགས་ཚུར་གཡུགས་དང་།   མཚན་མོར་གོ་ཁའི་མདུན་དུ་རྒྱུ་སྤུན་བཀལ་བྲེལ་གྱིས་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེའི་བརྟུལ་བཞུགས་འབའ་ཞིག་འཛིན་པས། ད་གཟོད་ང་ཚོ་མིང་སྲིང་ཚོའི་ལུས་ཕུང་ལ་ཁ་ཆར་བུ་ཡུག་གིས་བཙན་གནོད་མ་ཕོག་པར་བདེ་ཐང་ངང་རིམ་བཞིན་འཚར་ལོངས་བྱུང་།

   སྙིང་རྗེའི་དྲི་མས་དབེན་པའི་དུས་ཀྱི་ལོ་ཟླས་ཨ་མའི་དཀར་ཞིང་མཛེས་པའི་བཞིན་རས་དང་། འཇམ་ཞིང་མཉེན་པའི་ཕྱག་ཟུང་ཁ་སང་གི་གཏམ་རྒྱུད་དུ་གྱུར་ནས། ད་ཆ་ཨ་མ་ནི་བདུན་ཅུ་ལོ་ཡི་སྒོ་ཐེམ་བརྒལ་གྲབས་ཡོད་པའི་རྒན་མོ་ཞིག་ཏུ་གྱུར་ཡོད།

    ཁ་སང་གཅུང་པོས་ཕ་ཡུལ་ནས་ང་ལ་ཁ་པར་བཏང་སྟེ་ཨ་མར་ཆམ་ནད་ཕོག་ནས་གློ་ལུ་དྲག་པོ་ལངས་སྐད་ཐོས་པས། ངས་ལམ་སེང་ལས་ཁུངས་ལ་དགོངས་ཞུ་བྱས་ནས་ཨ་མ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཁྲིད་པ་ཡིན། སྨན་པས་བརྟག་དཔྱད་ཞིབ་ཚགས་བྱས་པར་བརྒྱུད་ནས་ཚ་ཚབས་ཆེ་བ་གང་ཡང་ཕོག་མེད་ལུགས་བཤད་པ་དང་། ཆམ་ནད་རྙིང་པ་ཆགས་པས་སྔོན་ལ་ཉིན་ལྔ་གནམ་ཁབ་རྒྱག་དགོས་པ་ལྟར་ངས་ཨ་མ་ཁྲིད་ནས་གནམ་ཁབ་རྒྱག་པར་སོང་བ་ཡིན། ལོ་ན་ཆུང་བའི་སྨན་གཡོགས་མ་དེས་ཨ་མའི་ཕྱག་ཟུང་ལ་བལྟས་ནས་ཕྱག་གཡོན་མར་སྨན་ཁབ་བཙུགས་དུས། ད་གཟོད་ངས་འཁྱགས་སྣང་གིས་འཁུམས་པའི་ཨ་མའི་ཕྱག་ཟུང་ལ་དུས་ཀྱི་རླུང་འཚུབ་ཀྱིས་མི་སྡུག་སྐྱི་གཉེར་གྱི་རི་མོ་སྣ་ཚོགས་ཕན་ཚུན་བསྣོལ་ཞིང་། ལོ་ཟླའི་ཆར་ཆུས་སེར་ཁ་ཡི་གཅོང་རོང་ཟབ་མོ་བྲིས་འདུག་པར་སྣང་བ་ཤིན་ཏུ་ཆེན་པོ་བྱུང་བས།   ངས་རང་དབང་མེད་པར་ཨ་མའི་ཕྱག་ཟུང་ལ་བྱིལ་བྱིལ་ལན་མང་བཏང་བ་དང་སྦྲགས། ཆབས་ཅིག་ངའི་ཡིད་ཀྱི་གཏིང་རུམ་ནས་སྐྱོ་སྣང་གི་ན་བུན་འཁྲིགས་ཤིང་།  རང་གིས་རང་ལ་ལས་ཀའི་བར་གསེང་དུ་ཕ་ཡུལ་དུ་ལོག་ཏེ་ཨ་མར་བལྟ་བར་འགྲོ་རྒྱུ་ཉུང་དྲགས་པའི་འཁང་ར་ཞིག་ཀྱང་བཅོས་མིན་དུ་སྐྱེ་ཡོང་གིན་འདུག རྒྱུ་མཚན་ནི་ཨ་མ་དེ་ལྟར་རྒས་སྐྱེན་པ་ངས་མ་རྟོགས་པས་སོ།།

  ཨ་མའི་ཕྱག་ཟུང་། དལ་བའི་ཁོམ་སྐབས་བྲལ་བའི་ཨ་མའི་ཕྱག་ཟུང་། ངེད་མིང་སྲིང་ཚོའི་ལང་ཚོ་རྒྱས་བྱེད་ཀྱི་ཟུངས་ཁྲག་བཙག་མཁན་དེ་ཡིན།

  ཨ་མའི་ཕྱག་ཟུང་། ཚ་གྲང་ཅི་ཡང་བཟོད་པའི་ཨ་མའི་ཕྱག་ཟུང་། ང་ལ་བདེ་སྐྱིད་ཀྱི་འཚོ་བ་དང་།   བདེ་ཐང་གི་ལུས་སེམས་ཤིག་གི་མིང་བྱང་གནང་མཁན་དེ་ཡིན།

  ཨ་མའི་ཕྱག་ཟུང་། བླང་དོར་ལ་མཁས་པའི་ཨ་མའི་ཕྱག་ཟུང་། ངའི་བློ་གྲོས་དང་ཤེས་རབ་ཀྱི་སྒོ་མོ་ཕྱེ་བའི་གསེར་གྱི་ལྡེ་མིག་སྩལ་མཁན་དེ་ཡིན།

  ཨ་མའི་ཕྱག་ཟུང་། ཨ་མའི་ཕྱག་ཟུང་མཐོང་དུས། ངས་ཁྱེད་ཀྱིས་བླ་མེད་མཛད་རྗེས་དྲན་གྱིན་འདུག  གཅེས་ཕྲུག་ཚོར་བཅངས་པའི་ལྷད་མེད་ཀྱི་བཀའ་དྲིན་དྲན་གྱིན་འདུག

   ཨ་མའི་ཕྱག་ཟུང་། ནམ་ཡང་དལ་སྐབས་མེད་པའི་ཨ་མའི་ཕྱག་ཟུང་། ད་དུང་ཡང་བུ་ཕྲུག་དང་ཚ་བོ་ཚ་མོ་ཚོའི་ཆེད་དུ་འགུལ་གྱིན་འདུག་ཨང་།


  • ལེ་ཚན་སྔོན་མ།:དཔྱིད་ཀ་སླེབས་བྱུང་།
  • ལེ་ཚན་རྗེས་མ།:གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་མཐོང་ཚོར་ཟེར་མ།