ཕ་ཡུལ་གྱི་གཡུ་བཟང་རྩྭ་ཐང་ལ་བལྟས་པའི་ཟིན་ཐོ་སེམས་ཀྱི་དར་དཀར།

དུང་མཚོ་ལྷ་མོ།        2019-05-27

   བདག་ནི་བོད་རིགས་ཀྱི་བྱིས་པ་ཞིག་ཡིན། ང་རང་ཟང་ཟིང་གི་གྲོང་ཁྱེར་ཆེན་པོའི་འདུ་ཚོགས་ཁྲོད་འཚར་ལོངས་བྱུང་བ་ཞིག་མིན་པར། འབྱམས་ཀླས་ཀྱི་རྩྭ་ཐང་ཡངས་མོའི་པང་དུ་ལོངས། དེས་ན། མཚར་སྡུག་རྣམ་པར་བཀྲ་བའི་སྤྱི་གླིང་དང་ཡུལ་ལྗོངས་གྲགས་ཅན་དག་ན་ལྟད་མོར་འགྲོ་མ་མྱོང་ཡང་། ལས་དབང་ཞིག་གམ་བསོད་ནམས་བཟང་པོས་ང་ལ་དེ་དག་ལས་ལྷག་པའི་མཛེས་ལྗོངས་ཤིག་མཐོང་བ་མ་ཟད་གནས་དེར་ངའི་བྱིས་དུས་ཀྱི་ལང་ཚོ་རྒྱས་པ་ནི་ངོ་མ་ཇི་འདྲའི་དགའ་འོས་པ་ཞིག་མ་ཡིན་ནམ། བདག་གི་ཕ་ཡུལ་གྱི་ས་འཁོད་ནི་སྙོམ་པོ་ཞིག་ཡིན་པས།  རྫ་རི་དང་གངས་རི་སོགས་མཐོང་རྒྱུ་མེད་མོད།   འོན་ཀྱང་ཕ་ཡུལ་དུ་ཆེས་ལྟ་ན་སྡུག་པ་ནི་ཕ་ཡུལ་གྱི་མི་ཕྱུགས་ཀུན་གྱི་འཚོ་རྟེན་དུ་གྱུར་པའི་ཡངས་པའི་རྩྭ་ཐང་དེ་དང་།    དྭངས་གཙང་གི་མཚོ་མོ་ཡོད་དོ།།

སྤྲིན་དཀར་ཚོམ་བུའི་མཛེས་པའི་ཉམས་ལ་རི་རྒྱལ་ལྷུན་པོའི་མཐོངས་ལ་བསྙེགས།།

བཀོད་ལེགས་ཉམས་དགའི་འབྲོག་པའི་སྦྲ་ནག་ཡངས་པའི་རྩྭ་ཐང་རྒྱན་དུ་ཆགས།།

ཁྲི་གདུགས་འོད་ཀྱི་གཟི་བྱིན་དྭངས་མ་རྩྭ་ཐང་སྔོན་པོའི་པང་དུ་འཁྱུད།།

དྲི་བཞོན་རླུང་གི་འགྲོས་ལ་བརྟེན་པའི་རྩི་ཤིང་མགོ་ལྕོག་ལྡེམ་སེ་ལྡེམ།།

མཐོ་རིས་འདོད་ལྔའི་རང་མདངས་འཛིན་པའི་སྣ་བརྒྱའི་མེ་ཏོག་དྲི་བསུང་ཞིམ།།

འཁྱུག་འགྲོས་གར་གྱི་རྩེད་གར་འཁྲེང་བའི་རྟ་ནོར་ལུག་གིས་གླུ་ཆུང་ལེན།།

སྙན་གྲགས་གསེར་གྱི་མེ་ཏོག་བཀྲ་བའི་རྩྭ་ཐང་འདི་ཉིད་གངས་རིའི་རྒྱན།།

གཡུ་ཞུན་ཁུ་བས་ལན་བརྒྱར་བྱུགས་འདྲའི་སྤང་ལྗོངས་སྔོན་མོའི་གདན་སྟེང་ནས།།

ཡན་ལག་བརྒྱད་ལྡན་དྭངས་བསིལ་ཆུ་བོས་ལྷུང་ལྷུང་སྙན་པའི་སྒྲ་སྒྲོག་ཅིང་།།

ལྷག་བསམ་དཀར་བའི་རླབས་ཕྲེང་འཕྱོ་ཞིང་མིག་མདུན་མེ་ཏོག་སྒུག་བཞིན་དུ།།

དལ་ལྷོད་ངག་གི་དབང་པོའི་རང་སྒྲ་འདོན་བཞིན་དེ་སྐད་སྨྲ།།

རབ་ཡངས་རྒྱ་མཚོ་ཆེན་པོ་དང་ནི་མུ་མེད་ལྷ་ཡི་རྫིང་རིང་ལ།

འགྲན་པའི་སྟོབས་དང་སྤོབས་པའི་ཆ་ནི་བདག་ལ་ཅུང་ཟད་མ་མཆིས་མོད།།

གངས་དཀར་ཨ་མའི་མངལ་ལས་བལྟམས་པའི་དྭངས་གཙང་ཆུ་ཕྲན་བསིལ་མ་ང་།།

གངས་རིའི་ཞིང་འདིར་མཛེས་སྡུག་བསྐྲུན་རྒྱུ་དུས་ཀྱིས་བསྩལ་བའི་འགན་འཁྲི་དང་།།

བཅུད་ལྡན་སྦྲང་དཀར་རྩམ་པའི་རོ་དང་བདུད་རྩི་ཆང་གིས་བཟི་དཀའ་ཡང་།།

རོ་འཛིན་རྒྱལ་པོ་མགྲོན་དུ་འགུག་པའི་ནུས་པ་བདག་ལ་དབེན་ན་ཡང་།།

བདེ་མོ་སྤང་ན་སྟངས་སྟབས་འགྱུར་བའི་རེག་འཇམ་ཆུ་ཕྲན་བསིལ་མ་ང་།།

འཛམ་གླིང་གོ་ལའི་གཙུག་ན་མཛེས་པའི་ནག་ནོག་འཁྲུད་བའི་དྭངས་མ་ཡིན།།

མེས་པོའི་ཟླ་མེད་ལོ་རྒྱུས་སྐྱོང་བའི་དུས་རབས་གསར་པའི་གླུ་པ་ཡིན།།

ཚ་བའི་གདུང་བ་རྩད་ནས་འབྱིན་པའི་ལྷག་བསམ་དྭངས་མ་བསྩལ་བ་ཡིན།།

འབྲུ་དྲུག་སྙེ་མའི་གང་བུ་འཛུམ་པའི་མཐའ་ཡས་གཤིན་ས་གྲུ་བཞི་དང་།།

ལྷགས་རླུང་བུ་ཡུག་དྲག་ཏུ་འཐབ་པའི་མཐོ་སྒང་འཛིན་མའི་ལྟེ་བ་འདིར།།

བདེ་སྐྱིད་དབྱར་གྱི་དགའ་སྟོན་བསུ་བའི་དྲོད་འཇམ་དུས་ཀྱི་ཕོ་ཉ་ཡིན།།

ང་རང་ཞོགས་པའི་ཉི་གཞོན་གྱི་འོག་རྒྱང་རིང་གི་མུ་མེད་རྩྭ་ཐང་འདིར་ལྟ་ཞིང་ཡིད་འཐད་ནས་རང་དབང་མེད་པར་ང་རྒྱལ་དང་བྲལ་བའི་དྭངས་གཙང་གི་ཆུ་ཕྲན་བསིལ་མ་འདི་ལ་ཡང་བསྔགས་པའི་ཚིག་གི་བསྟོད་པ་འདི་ཙམ་ཤོར།


  • ལེ་ཚན་སྔོན་མ།:རབ་མཛེས་མཚོ་སྔོན་ལ་བསྟོད་པ་དྲི་ཟའི་གླུ་དབྱངས།
  • ལེ་ཚན་རྗེས་མ།:​དྲུག་གཅིག་གི་སྐྱ་རེངས།