རབ་མཛེས་མཚོ་སྔོན་ལ་བསྟོད་པ་དྲི་ཟའི་གླུ་དབྱངས།

རྡོ་རྗེ་དོན་གྲུབ།        2019-05-17

མཐའ་ཡས་མཐོངས་ལས་གར་རྩེན་མཁའ་ལྡིང་རྒྱལ་བོ་ཇི་བཞིན་བྱ་ཚོགས་ནི།།

འཕུར་རྩལ་སྙེམས་བྲལ་འཁྱུག་པས་ནུས་འཇོན་ཕས་རྒོལ་བཞིན་དུ་བློ་སྤོབས་ཀྱི།།

སེམས་འདུན་རྩེ་གཅིག་འགུལ་བའི་བློ་དབང་རབ་རྒྱས་ཇི་བཞིན་ཕུགས་ལྡན་དེས།།

རིག་འཕྲུལ་རྣམ་པར་རྒྱས་པའི་ལེགས་ལྡན་ཡིད་སྐྱེས་ཚོགས་ཀྱི་ཕུགས་འདུན་འཕེལ།།

བླ་མཚོ་ཁྲི་ཤོར་རྒྱལ་མོ་མངོན་པར་ལྟེམས་པའི་གཞིས་འཛིན་ཕང་པ་རུ།།

ལེགས་འཁྲུངས་དགའ་བདེའི་ལམ་དུ་འཕྲུལ་གྱི་འཁོར་ལོ་ལེགས་ཕྱེ་སྐུལ་བའི་དུས།།

འཚོ་ཚིས་ལེགས་ཕྱུང་ཕུན་ཚོགས་དགེ་ལེགས་འཕེལ་བའི་སྐལ་བཟང་བལྟམས་པ་འགྲིག །

དུས་བཞིའི་འཁོར་བསྐྱོད་བར་དུ་སྦུབས་པའི་འགྲོ་དྲུག་རང་གི་ངོར།།

མཛའ་མཐུན་ཉ་མོའི་འཁྱུག་རྩལ་མངོན་པར་བསྟབས་ཀྱི་དབྱར་མཚོ་རབ་རྒྱས་པས།།

སྐྱེད་ཚལ་མེ་ཏོག་སྣ་བརྒྱར་འཁྲེང་པའི་རྐང་དྲུག་བུང་བའི་ཚོགས།།

གེ་སར་རྡུལ་བརྩེགས་ཟེ་འབྲུའི་བཅུད་ལེན་ལེགས་འཕེལ་གཅིག་གཅིག་ཏུ།།

གཉིས་གཉིས་གཅིག་འབྲེལ་གཅིག་ཏུ་མཐུན་སྦྲེལ་དཔུང་སྟོབས་ཀྱིས་ནི་སྦྲང་རྩི་གཏམས།།

ཉི་ཟླ་རི་བོར་བཏབ་པའི་སྨོན་འཕྲོད་ལས་གལ་དེ་ཡི་འཛོམས་པ་ཡིས།།

མཛའ་མཐུན་སྔོན་འཕྲོད་ལས་ཀྱི་བསྐལ་བཟང་འཕྲོག་བྱེད་ཅིག་ཏུ་སྦྲུམ་པར་བལྟམས།།

རིགས་ཀྱི་མངའ་ཐང་རབ་རྒྱས་མཐུན་ལམ་གཅིག་ཏུ་འགྲིལ་པའི་བདེན་རྟགས་རྙེད།།

གླིང་རྫི་ཐགས་ཁུར་བུ་མོའི་དགའ་འཛུམ་མངོན་པར་བཞད་པའི་ལོ་ཟླ་དམོད།།

གཞི་འཛིན་གཡང་ལྡན་དཔལ་གྱིས་ཕྱུག་པའི་བླ་མཚོ་ཁྲི་ཤོར་ཕང་པ་རུ།།

གཅིག་སེམས་གཅིག་ལ་འབྲེལ་པས་འཚོ་གཞིས་བདེ་ཞིང་ཁོད་པའི་དཔལ་རྫོགས་པ།།

བླ་རི་བློན་པོ་གསེར་ཆེན་བརྗིད་ཀྱིས་འཛིན་པའི་ཕ་ས་གསེར་གྱི་གཞོངས།།

མཛའ་མཐུན་གཡུ་མོ་སྐྱོང་པའི་ཤེས་ལྡན་ཚོགས་ནི་འཚེ་མེད་ཞི་བདེ་འཁྲེང་།།

རྨ་ཡུལ་ཁྲ་མོ་གླིང་གི་མཛེས་བརྗིད་ལེགས་ཕྱུང་མངོན་པར་གཏམས་པས་ནི།།

གེ་སར་སྒྲུང་རབས་གཟི་བྱིན་འཛིན་མའི་ཁྱོན་ན་སྙན་པའི་གྲགས་པ་འབར།།

རྨ་ཀླུང་དལ་འབབ་རིང་མོའི་འཁྱུག་འགྲོས་རྒོད་པའི་ཡུལ་སྡེ་ཕྱུག་མོ་རུ།།

ཕྱུགས་རིགས་འཕེལ་ཁ་དར་ཞིང་ངང་བཟང་བུ་མོའི་གཤིས་རྒྱུད་ཡུན་པར་བརྟན།།

ལུགས་གཉིས་གསེར་གྱི་འཁོར་ལོ་ཕྱེ་པས་སེམས་ཅན་བདེ་སྨོན་ཞིང་དུ་འཁོད།།

སྣོད་བཅུད་ལེགས་ཕྱུང་མངོན་པར་གཏམས་པས་དགེ་མཚན་དཔལ་རྫོགས་འཛིན་མར་རྒྱན།།

རབ་རྒྱན་སྣོད་བཅུད་འཛིན་པའི་གཡང་ཕྱུག་མཐོང་བ་ཀུན་སྨོན་ལེགས་པར་བཀྲ།།

མཛེས་བརྗིད་རྨ་འབྲི་རྫ་གསུམ་ལྷུང་ལྷུང་འབབ་རྒྱུན་དམོད་པའི་དལ་འགྲོའི་རྒྱུན།།

མཚོ་བྱུང་ངག་གིས་ལེགས་ཕྱེ་སྙན་པར་ཕུར་དང་པིར་རྩེས་བཞེངས་པར་འཕྲུལ།།

སྔོན་མཐིང་གཡུ་གཞོངས་གཡང་རའི་དགེ་དཔལ་སྙན་ཚིག་ངག་གི་སྙེ་མས་ཕུལ།།


  • ལེ་ཚན་སྔོན་མ།:རང་ཁྱིམ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་གཡུ་བཟང་རྩྭ་ཐང་ལ་བལྟས་པའི་ཟིན་ཐོ་སེམས་ཀྱི་དར་དཀར།