ཨ་མ་ནི་སྙིང་གི་ཕྱེད་ཀ་དེ་ཡིན་ནམ།

ཞོགས་བརྡ།        2019-05-13

“ཨ་མ་ནི་དཀར་གཙང་གཙང་གི་གཙང་ཆུ་དེ་ཡིན་ནམ། ཡང་ན་ནག་རྡིབ་རྡིབ་གྱི་མུན་ཁྲོད་དེ་ཡིན། ཨ་མ་ནི་གངས་རི་དང་ཁ་བ་མིན་ཀྱང་། ས་གཞི་དང་རྩི་ཤིང་ཅི་ལ་ཡིན་མི་ཆོག་ཨང་། ལོ་དང་ཟླ་བའི་གས་སྲུབ་ནས་ཉི་མ་ས་སྲོད་དང་འགྲོགས་ཏེ་ང་ཚོ་ལ་ཁ་ཡ་བྱས་མེད། “ཨ་མ་ཉིད་ནི་”ཁོ་བོའི་རྙིང་ཞེན་གྱི་དམ་ཚིག་གིས་ཞེ་གཏིང་དུ་སྦས་ནས། དམ་ཚིག་གི་ཨ་ལོང་ཕྲག་མགོ་ལ་བརྒྱུས་དུས། ནམ་ཐོན་མི་ཤེས་པའི་འཆི་བའི་ང་ལ་ཉམས་ཚོད་ཡང་ཡང་བླངས། དེ་ལྟར་དྲན་ཚེ་ངས་རང་ཉིད་ཀྱི་ཨ་མའི་བདག་ལ་གཅེས་སྐྱོང་གནང་བ་དང་། བདག་ལ་མཆའ་སྨོད་བྱས་ཏེ་ཟུར་ཟ་ཡི་རྣམ་པའི་ཁོ་བོར་སྙིང་དུ་བཞག་པའི་རྣམ་པ་ཡང་ཡང་དྲན།”

“ཨ་མ་ནི་ཉི་འོད་དང་འགྲོགས་པའི་བྱེའུ་དེ་མིན་ལ། ཟླ་འོད་དང་འགྲོགས་པའི་སྐར་ཕྲན་གྱི་ཚོགས་དེའང་ག་ལ་ཡིན། ཨ་མ་ནི་བསེར་བུ་ལྡང་སའི་ཡུལ་ལུང་ཁུགས་ཀྱོག་གི་མི་དེ་ཡིན་ལ། ཨ་མ་ནི་སྦྲ་ཁྱིམ་གྲུ་བཞིའི་ནང་གི་མར་ཆུ་རི་ལྟར་སྤུངས་མཁན་གྱི་དཀའ་ལས་རྒྱག་མི་དེ་ཡིན། ཨ་མའི་སེམས་ཁུར་ནི་བུ་ཕྲུག་དག་ལ་མཚོན་ན་ཧ་ཅང་གཉོམ་ཆུང་གི་སེམས་ཁུར་ཞིག་ལགས། ཨ་མའི་དུས་རྒྱུན་མིག་ཆུ་འདོན་དོན་ཁྱོད་ཉིད་བདེ་སྐྱིད་ཀྱི་གནས་ཤིག་ལ་ཨེ་ཐོན་སྙམ་པ་དེ་རེད། གྲང་རླུང་ཅི་ལྟར་རྒོད་ན། ཨ་མའི་ངོ་གདོང་དང་སྐྲ་ལོ་དག་གིས་དེེ་ཙམ་ལྷགས་རླུང་ལ་རྒོལ་བ་གཏོང་དགོས། ཞོགས་པ་ཡིས་དུས་ཚོད་དྲུག་ལ་ཐོན་མ་ཐག་ཨ་མ་ཡར་ལ་བཞེང་ནས་ཤག་ཤག་བཞུར་བའི་རྫ་ཆུ་ལེན་དུ་འགྲོ་དགོས་ལ། འུར་འུར་འབར་བའི་ལྕི་མེ་དག་གིས་ཁའང་གཙེ་དགོས་སོ།”

“སྙིང་ཉེ་བའི་འཇིག་རྟེན་པའང་། ཨ་མ་ནི་སྙིང་གི་ཕྱེད་ཀ་དེ་ཡིན་ནམ། ཡང་ན་ཅི་ཡང་མི་འཁྱོངས་པའི་སེམས་ཀྱི་ཐབ་ཚང་མཁོ་མེད་ཞིག་ཡིན། ཁྱོད་ཚོ་རང་ཉིད་ཀྱི་ཨ་མ་ལ་བྱམས་བརྩེ་ཅི་འདྲ་ཡོད། འགྲོ་ལ་རན་པའི་བསྒྲེས་མོ་མགོ་དཀར་དེ་ཚོར་མཐོང་དུས། ཁྱོད་ཀྱིས་ཁྱོད་ཉིད་ཐོག་མར་པང་དུ་འཛིན་མཁན་གྱི་ཨ་མ་ལགས་ཡིད་ལ་འཆར་བ་ཨེ་བྱུང་། སེམས་ཀྱི་སྡུག་བསྔལ་བརྐུ་བའི་ཨ་མ་ནི། གནམ་གྱི་བདག་མོ་ཡིན་ལ། ལས་ཀྱི་ལྷ་མོ་ཡིན། ཨ་མའི་བརྩེ་བ་ལྷན་མེད་དེ་དག་དྲན་དུས། ང་རང་ཚེ་ལོར་ཉི་ཤུར་གསོན་པ་ནི་ཅི་འདྲའི་ཐབ་སྡུག་ཅིག་རེདའང་སྙམ་སོང་། རྒྱུ་མཚན། ཁོ་བོའི་འདོད་ཡིད་ཚིམས་པའི་ངང་ནས་ཨ་མ་ལ་ཞབས་ཞུར་ཡག་པོ་ཞིག་སྒྲུབ་མེད་པ་མ་ཟད། ད་བར་ཀྱང་ས་མཐའི་སྒོ་མོ་ནས་ཨ་མའི་བྱད་བཞིན་དྲན་ཐུབ་པ་ཙམ་ལས། དོན་དུ་ཨ་མར་ངས་བདག་སྐྱོང་གང་ཡང་ཐུབ་མེད་ལ། དྲིན་ལན་ཟེར་བའི་ལས་དོན་གང་ཡང་གཉེར་མེད།”

“ཨ་མ་ལགས། དགོངས་ཡངས་གནང་རོགས། ཇ་ཕོར་བ་གང་འདི་མ་ཟད་པའི་སྔ་རོལ་དུ་ངས་ཁྱོད་ལ་ཚེ་རིང་ཞིང་བདེ་སྐྱིད་ལྡན་པའི་སྨོན་ལམ་གྱི་ཤིས་ཚིག་འབུལ་གྱིན་ཡོད། ཨ་མའང་ངས་ཁྱོད་ཉིད་དྲན་པའི་དུས་དེར་ཏན་ཏན་ཐོག་མའི་ལྟེ་ཁྲག་དམར་པོ་འཐོར་སའི་ཕ་གཞིས་ཀྱང་དབང་མེད་དུ་དྲན་འོང་ཞིང་། ང་ལ་གཅེས་སྐྱོང་དང་ལམ་སྟོན་གནང་མཁན་གྱི་ཨ་མ་ནི་ཤ་རུས་པའི་གཏིང་དང་སེམས་རྒྱ་མཚོའི་འཇིངས་ནས་བཟོད་གླགས་མེད་པར་དྲན་བྱུང་། ངས་རི་ཚོམས་ཀྱི་བྱིངས་ནས་ཁ་བཏགས་ཀྱི་རོལ་མོ་དཀྲོལ་དོན་ནི་”འུ་ཚོ་འུ་ཚོར་དབང་བའི་འཚོ་བའམ། ཡང་ན་འུ་ཚོར་དབང་བའི་རང་དབང་རེ་རེ་ཡོད་པས། གཞན་ཞིག་གི་གཉའ་གནོན་དང་རྡོག་འཁྲེས་འཁུར་དགོས་དོན་ཡེ་ནས་མེད་ཟེར་བཞིན་མཆིས།” ངས་རི་སུལ་གྱི་དབུས་ནས། མི་ཚོགས་ཀྱི་གྲལ་ནས། ཡང་ན་གནམ་ས་གཉིས་ཀྱི་བར་ནས། ཁྱོད་ཀྱི་བརྩེ་བའི་དུངས་སེམས་ལ་དུངས་ཞེན་གྱི་རྨུ་ཐག་བརྐྱངས་ན་འདོད་པ་དེ་ཙམ་ཡིན། ཁྱོད་ཀྱི་བརྩེ་བའི་འོ་མཚོ་ལ་ལས་དབང་གི་གངས་རི་དཀར་ལྷང་ངེ་བ་ཞིག་བསྒྲིག་ན་འདོད་པ་དེ་ཙམ་ཡིན། ཨ་མ་ཨང་། བདག་གི་མིག་ཟུང་ཕྱོགས་སའི་ཨ་མ་ཨང་། བདག་གི་རྨི་ལམ་གྱི་ལྷ་ཉིད་དུ་གྱུར་བའི་ཨ་མ་ཨང་། བདག་གིས་ཁྱེད་ཀྱི་དོན་དུ་དཀའ་སྡུག་ཡོད་ཚད་ཕྲག་ཏུ་འཁུར་ཐུབ་ལ། ཁྱེད་ཀྱི་དོན་དུ་རྫུན་གཏམ་ཡོངས་རྫོགས་བདེན་པ་ཉིད་དུ་བཟུང་ན་ཆོག་ཨང་།”

“ད་ནི་འདི་ལྟར་རེ་ཞིག་ངལ་གྱི་གུར་ཁྱིམ་དུ་ལོག་པར་བྱའོ། ཨ་མ་ལགས་ཁྱོད་ཀྱི་བྱམས་བརྩེ་དྲོན་མོའི་ཕྱགས་ཟུང་དེ་བདག་ཕྱོགས་སུ་བརྐྱངས་བར་བཀའ་དྲིན་ཆེ། ཁྱོད་ཀྱི་འདང་བརྩེ་ཆེ་བའི་ཡིད་ཆེས་དམ་པོ་དེར་ཁོ་བོ་གནང་བར་བཀའ་དྲིན་ཆེ། ཁྱོད་ཀྱིས་བདག་གི་ཆེད་དུ་ཧ་ཅང་འཇིག་རྟེན་ན་དཀོན་པའི་ཚེ་སྲོག་ཀྱང་རྩིས་ཆེན་མི་བྱེད་པར་ང་ལ་གནང་བར་ཐུགས་རྗེ་ཆེ།

དགའ་སྐྱོ་རེས་སུ་འཁོར་བའི་ཨ་མ་ལགས། བདག་ལ་འཇིག་རྟེན་འདི་དག་གིས་འཚོ་བ་གསོན་པོ་ཞིག་གནང་ཡོད་པར་ཐུགས་རྗེ་ཆེའང་། བརྩེ་བའི་ཨ་མ་ལགས།”


  • ལེ་ཚན་སྔོན་མ།:དབྱར་དུས་ཀྱི་ཐོལ་བྲིས།
  • ལེ་ཚན་རྗེས་མ།:རང་ཁྱིམ།