དབྱར་དུས་ཀྱི་ཐོལ་བྲིས།

བཙན་མི།        2019-05-13

    སྤྲིན་དཀར་ཕོན་པོ་ཕོན་པོ་བྱས་ནས་མཁའ་མཐའ་ནས་དལ་གྱིས་བཞུད་ཅིང་། གསེར་གྱི་དུང་རྩེ་ལྟ་བུའི་ཉི་འོད་ཀྱི་ཟེགས་མ་རེ་རེས་ས་གཞིའི་གདོང་ལ་སྣུམ་ཤིག་ཤིག་གི་བཀྲག་མདངས་བསྣན་པའི་འོག་ཏུ། སེར་བུ་ཕྲ་མོ་ཞིག་གིས་གཡོ་བའི་མདོག་མི་གཅིག་པའི་མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་། མགྲིན་པའི་གླུ་དབྱངས་ལ་དལ་བ་མེད་པའི་བུང་བ་རེ་གཉིས་ལན་རེར་ས་རུ་འབབ་ཅིང་རྩི་ཏོག་གི་དྲི་བསུང་སྣོམ་ལ། ཕལ་ཆེར་ས་གཞི་དང་ཁད་མི་རིང་བར་བྱས་ཏེ་ཚོན་མདངས་རྣམ་པར་བཀྲ་བའི་སྤང་ལྗོངས་འདིའི་ངོགས་སུ་ལྟད་མོར་གཡེང་བ་བཞིན་ཡར་འཕུར་མར་འཕུར་བྱེད། བྱ་དང་བྱེའུ་ཡིས་ཚོགས་ཀྱིས་ཀྱུར་ཀྱུར་དང་ཀྲོག་ཀྲོག་གི་སྐད་སྙན་སྣ་ཚོགས་འདོན་བཞིན་མཇུག་སྒྲོ་འཇོག་ཙམ་འཇོག་ཙམ་བྱེད་ལ། རྒྱང་ཁད་རིང་བའི་རི་ལུང་ནང་དུ་ཁུ་བྱུག་གིས་ཀིའི་ཀིའི་ཡི་གདངས་དབྱངས་སྒྲོག གཤོག་ཐོགས་དང་གཤོག་ཐོགས་མ་ཡིན་པའི་འབའ་འབུ་དང་། ནུར་ནས་འགྲོ་བ་དང་རྐང་བར་རྟེན་དེ་འགྲོ་བ་སོགས་རིགས་མི་གཅིག་པའི་འབུ་རིགས་ཁྲི་མ་འབུམ་གྱིས། ཟིར་ཟིར་དང་བང་བང་གིས་རང་རང་ལ་མངའ་བའི་སྐད་རེ་འབྱིན་ནས་འགྲོ་བ་ནི། དབྱར་གྱི་དུས་ཚིགས་ལ་བར་མེད་དུ་བསྟོད་གླུ་འབུལ་བ་དང་གཉིས་སུ་མ་མཆིས་ལ། མདུན་རྒྱབ་ན་ཤག་ཤག་ཏུ་འབབ་པའི་གཙང་བོ་དང་ཆུ་ཕྲན་གྱི་ནང་དུ། ཉི་འོད་ཀྱི་ཟེར་མ་ཕོག་སྟེ་འོད་དཀྲིག་དཀྲིག་བྱེད། གཙང་འགྲམ་དུ་ཁྲུང་ཁྲུང་སོགས་བྱ་རིགས་སྣ་ཚོགས་ཆུ་ལ་བསྐྱལ་བ་དང་ཆུ་འགྲམ་ནས་སྡོད་པ། ཆུ་ཁར་འཕུར་བ་སོགས་རང་རང་གི་ལུས་ཀྱི་གར་སྟབས་ངོམ་ཞིང་རྩེད་འཇོ་ལ་རོལ་བ་དང་ཡང་ཅི་འདྲའི་མཚུངས།

    བག་ཕེབས་ཀྱི་ཁོར་ཡུག་དང་། མཉམ་ལྡན་གྱི་དབྱར་ཁ་ཡིས་ང་ཡི་དབང་ཤེས་ནས་ཚོར་ཤེས་སུ་བརྒྱུས་ཏེ་ང་རང་སྨྲ་བར་འགོངས་བའི་བདེ་བ་ཞིག་གིས་ཡོངས་སུ་བཟུང་ཞིང་། ངས་རང་ཉིད་ལ་འཇིག་རྟེན་འདིའི་སྟེང་གི་ཆེས་ཆེར་མཛེས་པར་བསྔགས་པའི་ཞིང་ས་ཞིག་ཐོབ་སོང་བར་འདོད། དེ་བས་ངའི་སྨྱུག་ཁའང་དལ་བ་མེད་པར་ཤོག་དཀར་གྱི་སྟེང་དུ་ཅི་དགར་རྩེན་ཞིང་། ངག་རྒྱུན་ཁྲོད་ཀྱི་ལྷ་ཡུལ་མཐོང་བ་ལྟ་བུའི་མཉམ་སྣང་ཞིག་ཡི་གེའི་འཇིག་རྟེན་ལ་བཅོལ་ཐུབ་སོང་། དབྱར་ཁ་ནི་ཀླུ་མཛོད་ཀློང་དུ་རྡོལ་བའི་མཛེས་སྡུག་གི་ཞིང་ཁམས་ཤིག་ཡིན་པས། སྤྲིན་དཀར་སྤྲིན་ནག་ལ་འདྲེས་ཏེ་ཆར་རྒྱུན་ཤག་ཤག་ཏུ་འཇོ་བའི་བསིལ་གཤིས་ཀྱི་མཛེས་སྡུག་དང་། བྱང་རླུང་འུར་འུར་གྱིས་ལྡིང་སྟེ་དྲི་ཞིམ་སྣ་ཚོགས་སྣ་ཤེས་ལ་བསྐྱལ་འོང་བའི་སྣང་ཚོར་འདྲེས་པའི་མཛེས་སྡུག ད་དུང་ཉི་ཤར་ལ་པད་མོ་ཁ་འབྱེད་པ་དང་ཉི་ནུབ་ཏུ་འདབ་མ་གཟིམ་པའི་ངང་ཚུལ་སོགས་དབྱར་དུས་ཀྱི་གླིང་ག་ལ་ལྟ་བའི་མི་ངོམ་པའི་མཛེས་སྡུག་རབ་ཏུ་མོད་དོ།།

  • ལེ་ཚན་སྔོན་མ།:ཁྱོད་རང་གླུ་གཞས་ལ་དགའ་བ་ནང་བཞིན།
  • ལེ་ཚན་རྗེས་མ།:ཨ་མ་ནི་སྙིང་གི་ཕྱེད་ཀ་དེ་ཡིན་ནམ།