བཞུད་སོང་།

་ཐུབ་བསྟན་ཉི་མ།        2019-04-24

    དུས་ཚོད་ནི་དགུན་ཟླ་གསུམ་པོའི་ཙག་དང་གྲང་ངར་གྱི་ཁྲོད་ནས་དགའ་སྐྱོ་ཆགས་སྡང་གོན་པ་མནབས་ནས་བཞུད་སོང་ལ། དུས་ཚོད་ནི་དབྱར་ཟླ་གསུམ་པོའི་ཆར་དར་སེར་བའི་ཁྲོད་ནས་བཀྲེས་སྐོམ་ལྟོགས་གསུམ་མྱོང་ནས་དལ་བུར་ལམ་ལ་ཆས་སོང་། དུས་ཚོད་ནི་དཔྱིད་ཟླ་གསུམ་པོའི་ཁུ་བྱུག་དང་རྟ་ནོར་ལུག་གི་འཚེར་སྐད་ལ་ཉོན་བཞིན་རྒྱང་རིང་ནས་རྒྱང་རིང་དུ་ཆས་སོང་། དུས་ཚོད་ནི་སྟོན་ཟླ་གསུམ་པོའི་ཁ་བ་དང་བུ་ཡུག་གི་ཁྲོད་ནས་མདང་དགུང་གི་རྨི་ལམ་དང་འདྲ་བར་ལྷོད་ཀྱིས་ཡལ་སོང་། ད་དུང་། དུས་ཚོད་ཀྱིས་ཁ་སང་རྣམས་གཞུག་ནས་གཞུག་ཏུ་བསྐྱུར་ཞིང་། དེ་རིང་དག་ལ་མཉམ་འགྲོ་མཉམ་འདུག་བྱས་ནས། སང་ཉིན་གྲངས་མེད་ཅིག་དང་དུ་ལེན་རྩིས་ཀྱི་སྟ་གོན་མཛད། རེད་དེ། དུས་ཚོད་ལ་ངལ་གསོ་ཡི་གོམས་སྲོལ་མེད་ལ། སྒྱིད་ལུག་དང་ལེ་ལོ་ཡི་གཤིས་ཀ་ནི་དེ་ལས་ཀྱང་མེད། དུས་ཚོད་ལ་ཐང་ཆད་ཀྱི་སེམས་ཚོར་མེད་ལ། ཕྱིར་སྣུར་དང་མགོ་སྒུར་གྱི་འདུ་ཤེས་ནི་ཡེ་ནས་བྲལ། ད་དུང་། ཁ་སང་ཡོངས་སུ་ཚར་སོང་། དེ་དག་ཐམ་ཅད་ནི་ཁྱོད་ཀྱི་ཁ་སང་རང་རེད། ད་ལྟ། ཁྱེད་ལ་དེ་རིང་དང་སང་ཉིན་ལས་ལྷག་ཡོད་པ་མ་རེད། དེ་རིང་དང་སང་ཉིན་ནི་གནས་སྐབས་ཁྱེད་ལ་དབང་ངེས་པས་་་་་་་་་་་

  • ལེ་ཚན་སྔོན་མ།:སྣང་བྱེད་ལྟ་བུའི་ཁྱོད།
  • ལེ་ཚན་རྗེས་མ།:ངའི་སྐད་ཡིག་གི་ཕ་ས།