སྣང་བྱེད་ལྟ་བུའི་ཁྱོད།

སྟག་རིག་འབྲུག་ཐར།        2019-04-10

  

སྣང་བྱེད་ལྟ་བུའི་ཁྱོད།

    ཟླ་བའི་མ་མའི་ཁོང་གསེང་ནས་བཏོན་པའི་རིན་ཆེན་གྱི་ནོར་བུ་དེ་ཁྱོད་ཡིན། ངས་དུས་ད་ལ་ཐུག་གི་བར་དུ་རིན་ཆེན་གྱི་ནོར་བུ་ལྟ་བུའི་ཁྱོད་རང་། ཉིན་མཚན་དུས་དྲུག་ཏུ་རང་གི་བྲང་གཞུང་གི་རྒྱན་ལ་བཏགས་ཏེ་གཞན་མཚུངས་མ་ཡིན་པའི་ནོར་བུའི་རིན་ཐང་ལ་གཅེས་སྐྱོང་དང་དོ་དམ་བྱས་པ་ཡིན།

    དབང་ཕྱོགས་ས་འཛིན་ལྷུན་པོའི་རྩེ་རུ་ཉི་མ་གཞོན་ནུ་འཛུམ་གྱི་ལེར་བཞད་དུས། ངའི་མུན་ནག་གི་ཧྲག་བར་ཕྱེ་མཁན་དེ་ཁྱོད་ཡིན། ཁྱོད་ཀྱིས་གྲང་ཤུར་ཤུར་གྱི་གཞིས་ཁྱིམ་འདིར་ཐོག་མའི་མེ་ཁ་གསོས་ཏེ་བཟའ་ཚང་གང་བོར་ཉི་མ་ལྟ་བུའི་ཚ་དྲོད་ཅིག་གསོལ་ཇ་མངར་མོ་དང་ལྷན་དུ་བདེ་འབོལ་ལེར་བསྐྱལ་བས། ང་ཚོ་བཀྲེས་སྐོམ་གྱིས་མནར་དུས་ཞིམ་པོའི་ཟས་དང་སྐོམ་པའི་ཆུ་སྟེར་མཁན་ཁྱོད་ཁོ་ནའོ།།

    ངེད་གཉིས་ཚེ་སྔོན་ལས་ཀྱི་བསྐོས་ཐང་གིས་ཁྱིམ་གཅིག་ལ་འཛོམས་པའི་སྨོན་ལམ་འགྲིག་པ་ནས་བཟུང་། ལྡོག་མེད་ལས་དབང་དེ་ཕན་ཚུན་གྱིས་ཡིད་ཆེས་སུ་བསྒོམས་ཤིང་གནམ་བསྐོས་གོང་མའི་བཀའ་རྒྱ་རུ་བསམས་ནས་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་སྡུག་ཀོང་མོའི་ཆུ་ལ་མཉམ་འཐུང་སྒོས་མི་ཚེའི་ལ་མོར་དཔུང་པ་མཉམ་དུ་བསྐྱོད་པའི་གཡར་དམ་རྡོ་རྗེ་བྲག་ལས་བརྟན།

    དང་ཐོག་གཞིས་ཁྱིམ་གསར་བ་ཞིག་གི་བདག་མོར་ཉན་པ་ནས་བཟུང་། འཇིག་རྟེན་མི་ཡུལ་འདིའི་མ་ཡུམ་ཞིག་གི་མཚན་ཉིད་ཁུར་ནས་ཟླ་དགུ་ཞག་བཅུར་ལུས་ལ་ཁུར་ཞིང་། ན་ཟུག་ཁྲི་ཕྲག་གི་ཨམ་གཙིགས་ཀློང་ནས་རྔུལ་ནག་དང་ལྷན་དུ་སྒལ་ཚིགས་བཞི་བཅུ་ཞེ་དགུར་གས་ཁ་བཏོད་དེ་ཚེ་སྲོག་གསར་བ་གཉིས་ཀྱི་ངུ་ངག་གི་དབྱངས་རྟ་སྔ་རྗེས་སུ་མི་ཡུལ་དུ་གཏོར་ནས་དཀའ་སྤྱད་གང་མང་སྤྱད་པ་ཨ་མ་གནམ་གྱི་ཕྱེད་ཀ་ཡིན་ཞེས་པའི་མཐོང་ཆེན་གྱི་བསྟོད་ཚིག་འདི་ལས་ཀྱང་ར་སྤྲོད་ཐུབ། ཀྱ་ཙེ་གོམ་ཙེའི་འགྲོ་འདུག་བར་ནས་རིམ་བཞིན་གྲང་ལྷགས་ཀྱིས་གཙེས་ནས་ངུ་ངག་ཤོར་དུས་དྲོད་འཇམ་གྱི་གོས་བསྐོན་ཞིང་བཀྲེས་ལྟོགས་ཀྱིས་མནར་ནས་ངུ་སྒྲ་འབྱིན་དུས་ཞིམ་མངར་གྱི་ནུ་ཞོས་བསྐྱངས་ཏེ་ཆུང་ངུ་ཤ་རྡོག་གཅིག་ནས་ཤ་རྒྱ་མ་བརྒྱ་རུ་གཏོང་མཁན་ཁྱོད་ཡིན་ལ། གར་འགྲོ་ལག་པས་ཁྲིད་མཁན་དང་གར་འདུག་བདེ་སར་འཇོག་མཁན་ཡང་ཁྱོད་ཡིན། མི་ཤེས་གསལ་བོར་སྟོན་མཁན་ཁྱོད་ཡིན་ལ། མི་རིག་མཐོན་པོར་འདེགས་མཁན་ཡང་ཁྱོད་ཡིན། ཁྱོད་ཀྱིས་བུ་ཕྲུག་གཉི་གའི་སྐྱེ་འཚར་གྱི་གོ་རིམ་ལ་ཨ་མ་ཞིག་གི་འགན་འཁྲི་ཕྲག་ལ་བླངས་ཏེ་ཞིབ་ཚགས་དང་སུན་སྣང་དོར་ནས་བདེ་ཐང་ངང་ནར་སོན་དུ་བཅུག་པ་ནི་དོན་དངོས་སུ་ཁྱོད་ཀྱིས་བུ་ཕྲུག་གཉི་གའི་མ་འོངས་མདུན་ལྗོངས་ལ་དམིགས་པས་མ་ཡིན་ནམ།

    ཁྱོད་ཡོད་པས་ངེད་བཟའ་ཚང་གང་བོའི་དུས་ཚིགས་བཞི་བོ་དབྱར་ལྗོངས་ཡིན་ཏེ། བུ་ཕྲུག་གཉི་གའི་ཁམས་དང་འཚོ་བཅུད་ལ་གཞིགས་ཏེ་གང་ལ་གང་འཚམ་གྱི་བདེ་ཐང་ཟས་སྤྱོད་བསྟེན་པ་ལ་དང་དོད་དང་གཟབ་གཟབ་བྱས་ཤིང་། ལྷན་སྐྱེས་ཀྱི་མོས་པར་བསྟུན་ཏེ་རི་མོ་དང་གླུ་དབྱངས། ཞབས་བྲོ། རོལ་ཆས་སོགས་ཀྱི་གསོ་སྦྱོང་འཛིན་གྲྭར་གདམ་གསེས་སྒོས་བསྐྱལ་ནས་དགའ་ཕྱོགས་ལ་རམ་བུ་བཏེགས་པ་རྨང་གཞི་སློབ་གསོ་འཕེལ་བའི་ཀ་རྡོ་རུ་འགྱུར་བར་བརྩོན་པ་མ་ཡིན་གྲང་། དུས་རྒྱུན་གཡང་ཁྱིམ་གོར་མོ་རུ་བསམ་མེད་བུ་ཕྲུག་གཉི་ག་རྩེད་འཇོར་གཡེང་དྲགས་ཏེ་གྲལ་དག་སྤུས་གཙང་དུ་བསྒྲིགས་པའི་ཅ་དངོས་རྣམས་ལ་གཅོལ་ལུང་གཅོལ་དང་ར་རིའི་དྲི་མས་རྫོད་དུས་ཁྱོད་རང་ཁོང་ཁྲོའི་མེ་ལྕེ་ལང་པ་ལྟ་ཅི། དེ་ལས་ལྡོག་སྟེ་བྱམས་ཤིང་བརྩེ་བའི་ངག་ཚིག་འཇམ་པོས་དེ་ལྟར་སྒྲུབ་མི་ཉན་པའི་བཀའ་བཀོད་གནང་ནས་འཇམ་མཉེན་ཕྱག་ཟུང་གིས་དག་ཐེར་དང་གཙང་སེལ་བགྱིད་སྟངས་ནི་འཇིག་རྟེན་ཨ་མ་ཞིག་གི་མིག་དཔེར་འོས་པའི་བྱ་སྤྱོད་ཅིས་མ་ཡིན།

    མཐོན་མཐིངས་མཁའ་དབྱིངས་སུ་འོད་ལམ་མེར་འཚེར་བའི་དཀར་གསལ་གྱི་དུང་ཟླ་དེ་ཁྱོད་ཡིན་ཏེ། ཉི་མ་སུམ་བརྒྱ་དྲུག་ཅུར་ཟླ་བའི་དཀྱིལ་འཁོར་ལྟ་བུའི་ཁྱོད་ཀྱི་འཛུམ་ཞལ་འོག་ནས་ངེད་ཕ་བུ་ཚོ་ནི་འབྱེད་འཛུམ་ལྷག་གེར་མཐའ་རུ་སྐོར་བའི་སྐར་ཚོགས་ནང་བཞིན་བློ་བདེ་ཡིད་མོས་སྒོས་ཟླ་འོད་ལ་འཁྲེང་ཞིང་དུང་ཟླ་ལྟ་བུའི་ཁྱོད་དང་མཉམ་དུ་འཚོ་ཞིང་གཞེས་པ་ཡིན།

     ཁྱོད་རང་ཉིན་མོར་གཞུང་དོན་ལ་ཤ་འབད་རུས་འབད་དུ་འདུར་ནས་གཞན་མིས་བསྟོད་ཡུལ་དང་ཁས་ལེན་ཐོབ་པའི་གྲུབ་འབྲས་ཆུང་ངུ་དེ་བསྣམས་ནས་སྲོད་ཁའི་ཉི་ནུབ་དང་ལྷན་དུ་རང་ཁྱིམ་ལ་ལོག་དུས། ཁྱོད་ཀྱིས་སྔར་བཞིན་འཛུམ་མདངས་མེ་ཏོག་འདྲ་བ་ཞིག་བསྟན་ནས་ཁྱིམ་ལས་ཙག་ཙིག་གི་མགོ་རྩོམ་ཞོར་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ལ་རྨང་གཞིའི་ཁ་བརྡ་དང་དབྱངས་གསལ་གྱི་སྦྱོར་ཀློག་ཁྲིད་སྐབས་ཁྱོད་ལ་སུན་སྣང་དང་ཆད་སྣང་གི་རྣམ་པ་ཏིལ་ཙམ་ཡང་མེད་པར་ད་དུང་གྲུང་གྲུང་གི་རྣམ་རིག་བུ་བུ་མོའི་མིག་ལམ་ན་མཛེས་ཤིང་སྡུག

     དགུན་ཟླའི་ལྷགས་རླུང་གིས་གྲང་ངར་བསྐྱེད་ཅིང་ནམ་ཟླ་འཁྱག་པ་དང་བསྟུན་ཏེ་མི་འདོད་ན་ཚའི་ཟུག་རྔུས་མནར་དུས། ཁྱོད་ཀྱིས་བུ་ཕྲུག་གྲང་བ་ལས་རང་ཉིད་གྲང་ན་སྙམ་ཞིང་། བུ་ཕྲུག་ན་བ་ལས་རང་ཉིད་ན་བར་འདོད་པའི་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བསྒོམས་ཏེ་འཇམ་ལ་དྲོད་ཁོལ་མངའ་བའི་གྱོན་གོས་བསྐོན་ཞིང་། གང་མགྱོགས་ནད་ལས་ཐར་བར་སྨན་རིགས་ཀྱིས་ལུས་ཕུང་གསོ་བའི་སེམས་ཁུར་དང་འཚུབ་སྣང་བཅས་ཀྱིས་མ་དྲིན་མོ་ཆེ་ཞིག་གི་བརྩེ་བའི་སྙོར་སྐྱོང་བྱེད་སྟངས་ཝ་ལེར་འཆར་འོངས།

     ཁྱོད་ཡོད་པས། འུ་ཚང་གི་གཡང་ཁྱིམ་ལ་བདེ་སྐྱིད་ཀྱི་དགོད་སྒྲ་བསྐྱིལ་ཡོད་དེ། ཁྱིམ་ཚང་གི་དོན་དག་རྩག་རྩིག་གི་དབང་གིས་བཟའ་ཟླས་ཚིག་ལོག་དང་དམོད་མོ་བོར་ན་ཡང་ཅི་མི་སྙམ་པར་བཟོད་སྒོམ་དང་གུ་ཡངས། དང་ལེན་བྱེད་ཕོད་པའི་ཁྱོད་ཀྱིས་ཁོག་རྒྱ་རྩྭ་ཐང་ལས་འབྱམས་ཀླས་པའི་སེམས་དཔངས་དེ་བཏེགས་ནས་ཁྱིམ་ཚང་འདིའི་འབྱུང་འགྱུར་ལ་ཐུགས་ཞེ་འཁོར་ཏེ། སྲོག་ཆགས་སྙིང་རྗེ་བ་དེ་ཚོའི་ཉམས་འགྱུར་སྣ་ཚོགས་བསྟན་ཏེ་བུ་ཕྲུག་གཉི་གར་དགོད་ཁ་སློང་ཞིང་། ཨ་མ་དྲེད་མོང་དང་རི་བོང་ཁ་ཤོ་སོགས་ཀྱི་གནའ་གཏམ་ཀྱིས་ཕྲ་བརྒྱན་ཏེ་མཚར་སྣང་དང་དགོད་སྒྲ་གཉིས་དུས་གཅིག་ཏུ་སློང་།

     ཁྱོད་ཀྱི་ཚེ་གཅིག་གི་སྐྱ་ཡ་ལས་བགོས་ཀྱི་རྐྱེན་པས་རྒྱང་རིང་དུ་ཟབ་སྦྱོང་ལ་འགྲོ་ཁར་ཁྱོད་ཀྱིས་ཡིད་གཟབ་དང་དོ་སྣང་བྱེད་དགོས་ཚུལ་གྱི་མཉེས་གཤིན་པའི་སེམས་གཏམ་ལྷུག་པོར་གློད་དེ་བརྩེ་འདང་གི་མིག་བརྡ་སྟོན་བཞིན་རྒྱང་རིང་ཉག་ཁ་དེ་རུ་གྲིབ་གཟུགས་ཡལ་རག་བར་དུ་སྐྱེལ་མ་བྱེད་ཅིང་། ཉིན་གྲངས་མང་པོར་རང་ཡུལ་དང་གྱེས་རྗེས་ཁྱོད་ཀྱིས་བརྩེ་ཞེན་གྱི་ལྷད་མེད་དུང་བ་སྐུད་མེད་ཀྱི་གློག་རླབས་ལ་འཁྱུད་ཞོར་བདེ་འཚམས་དང་བྱ་བའི་གནས་ཚུལ་ཞིབ་བུར་དྲིས་མཐར་དུང་བ་དང་སེམས་ཁུར་འདྲེས་མས་སྐད་གདངས་ལ་འདར་འགུལ་འབྱུང་དུས་ནམ་ཡང་སེམས་པས་ཉན་མཁན་དེ་ཁྱོད་ཡིན་ལ། མིག་གིས་འཚོ་མཁན་དེ་ཡང་ཁྱོད་ཡིན་པ་གཞི་ནས་རྟོགས།

      འུ་བུ་ཅག་འདི་ལྟར་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་བདེ་སྐྱིད་ཀྱི་འཚོ་བ་རྟག་བརྟན་དུ་རོལ་བ་འདི་ནི་རྒྱུན་པར་ཆོས་སྐྱོང་སྲུང་མར་མཆོད་བཀུར་དང་ཁ་དོན་དགེ་སྦྱོར་ལ་ཐུགས་བརྩེ་ཞིབ་པའི་ཁྱོད་ཀྱི་རྒྱུན་འཁྱོངས་ཀྱི་ཆོ་ག་ལ་འབྲེལ་ཞིང་། རྣམ་དཀར་དགེ་བའི་ལས་ལ་སེམས་པ་ཕྱོགས་པའི་ཁྱོད་ཀྱི་ཡིད་གཞུངས་དང་དད་པ་ལའང་འབྲེལ་བ་གོར་མ་ཆག སླད་ཕྱིན་ཡང་འགལ་རྐྱེན་བར་ཆད་མི་འབྱུང་ཞིང་མི་འདོད་ནད་གདོན་དང་རྒྱང་དུ་གྱེས་ཏེ་འཚོ་བ་གསར་བར་དགའ་སྤྲོ་དང་འཛུམ་མདངས་ཀྱིས་བསུ་བཞིན་མི་ལུས་དོན་ལྡན་དུ་རོལ་བར་ངེད་བཟའ་ཚང་གང་བོས་ཧུར་བརྩོན་ལྷོད་མེད་བྱེད་པར་གདེངས་ཚོད་ཆེན་པོ་ཡོད་དོ།།

     རྗེས་མུར་ཁྱོད་ཀྱི་བག་ཡོད་ཚུལ་མཐུན་གྱི་བྱ་སྤྱོད་ལེགས་པོའི་ཤན་ཤུགས་ཀྱིས་སེམས་ཁོང་གི་བུ་ཕྲུག་གཉིས་ཀ་ལའང་ཤན་ཤུགས་ཐེབས་ཏེ། ཁོང་གཉིས་ཀྱང་ཆེ་བར་བརྩི་བཀུར་དང་ཆུང་བར་བྱམས་སྐྱོང་ལྡན་ལ། རྒྱུ་འབྲས་གཙུག་ཏུ་བཀུར་ཞིང་སྙིང་རྗེ་ཡི་སེམས་བསྐྱེད་པ། ལས་ལ་བརྩོན་ཞིང་དཀའ་ངལ་ལ་མགོ་བོ་མི་སྒུར་ཞིང་རང་རིགས་རང་ཡུལ་ལ་སྲི་ཞུ་སྒྲུབ་ཐུབ་པའི་མི་བུ་ཚུལ་ལྡན་ཞིག་བྱེད་པར་ཡིད་ཀྱི་གཏིང་ནས་སྨོན་ལམ་བརྒྱབ་པ་ཡིན་ནོ།།


  • ལེ་ཚན་སྔོན་མ།:དབྱངས་གསལ།
  • ལེ་ཚན་རྗེས་མ།:བཞུད་སོང་།