ངའི་ཕ་ཡུལ་ན་མཆོད་རྟེན་མང་པོ་ཡོད།

ཟམ་ཚའི་ཀླུ་འབུམ་ཚེ་རིང་།        2019-04-03

    དགུན་གཞུང་གི་ཁ་བ་དང་ལྷན་དུ་ང་རང་ཕ་ཡུལ་ལ་འགྲོ་བའི་ལམ་དུ་ཆས།ང་རང་ཕ་ཡུལ་ལ་འགྲོ་དོན་ནི་ཕ་མ་དང་གཉེན་ཉེ་དག་དྲན་དྲགས་པས་ཡིན།ཡང་ན་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་སྒོ་ཕྱུགས།ཆུང་དུས་ཀྱི་རྩེད་ར་སྒོར་སྒོར་ལ་འཁྲེང་སེམས་ཀྱི་ཕྱིར་མིག་ཡོད་པས་ཡིན།ད་དུང་ངའི་སྙིང་ཁོང་ན་དུས་རྟག་ཏུ་ལྷོག་ལྷོག་ཏུ་གདུ་བཞིན་པའི་གྲོང་ཚོའི་ཉེ་འདབས་ཀྱི་དགོན་སྡེ་དེ་ཡིན།རྒྱུ་མཚན་ནི་དགོན་སྡེ་ནི་ང་ཚོའི་བླ་སྲོག་གི་འཆད་རྩོད་རྩོམ་གསུམ་སྤེལ་སའི་བློ་གྲོས་ཀྱི་ཉིང་ཁུ་ཡིན་ལ།བུ་རབས་ཚ་རྒྱུད་ལ་བཞག་པའི་རིག་པའི་སྒྲོན་མེ་ཡིན།སེམས་ཀྱི་སྐྱབས་ཡུལ་ཡིན།དེ་ནི་ང་དང་འདྲ་བའི་མི་བུ་གང་མང་ཞིག་གི་བག་ཆགས་ཀྱི་གཏིང་རིམ་ན་བསྙལ་བའི་འདུ་ཤེས་ཀྱི་ཁ་མདོག་ཅིག་ཡིན་པ་སྨོས་མ་དགོས།

    དེ་བས།ང་རང་ཕ་ཡུལ་ལ་འགྲོ་དོན་ནི་ཡུལ་དེ་གའི་བརྩེ་དུངས་དྲན་པས་ཡིན།ཡང་ན་སྐྱོ་དྲགས་པས་ཡིན།

    འགྲུལ་བཞུད་པ་དག་གིས་བྲེལ་འཚུབ་ཀྱི་ངང་ནས་རང་རང་གི་སྡོད་གནས་སུ་བསྡད།ཅུང་ཙམ་ཡང་མ་འགོར་བར་རླངས་འཁོར་ཀྱི་དུང་སྒྲ་སྒྲོག་བཞིན་གཞུ་རྒྱུད་ལས་བྲལ་བའི་མདའ་མོ་ཇི་བཞིན་སྐད་ཅིག་ཙམ་ཡང་མི་སྡོད་པར་མཐའ་ཡས་པའི་རྩྭ་ཐང་དུམ་བུར་བཅད་ནས་བཞུད་སོང་།ཕ་ཡུལ་དང་ཁ་ཐག་ཇེ་ཉེ་ཇེ་ཉེ་རུ་གྱུར།སྒེའུ་ཁུང་ནས་མཐོང་བའི་མུ་མཐའ་མེད་པའི་རྩྭ་ཐང་གི་ཕང་བར་བརྒྱུད་པ་ནི་བཙན་པོའི་དམག་རྟ་ཁྲི་སྟོང་གི་དཔའ་ངར་གྱི་རྨིག་པ་དང་མགར་སྟོང་བཙན་གྱི་བློ་གྲོས་ཡི་ནུས་མཐུ་ཡིས་སྙོམས་པར་བྱས་པ་དང་།གླིང་རྗེ་གེ་སར་རྒྱལ་བོ་དང་སེང་ལྕམ་འབྲུག་མོ་གཉིས་ཀྱི་གླིང་སྒྲུང་གི་ཕ་ས་ཡིན་ནམ་སྙམ་བཞིན་སེམས་སོམ་ཉིའི་དྲ་བར་ཚུད་ཅིང་ཡིད་ལ་དགའ་སྐྱོ་འདྲེས་མའི་སེམས་འགྱུ་གང་མང་ཞིག་གི་འདུ་ལོང་ཁྲོད་ནས་ཕ་ཡུལ་གསེར་གྱི་བྲང་གཞུང་གི་ཕྱོགས་སུ་སྙེག

    རབ་དཀར་ཁ་བ་དཀར་པོའི་ཀློང་རིམ་ན་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ནི་ངའི་རྨི་ལམ་ཁྲོད་ཀྱི་དག་ཞིང་དང་གཉིས་སུ་མ་མཆིས་པར་དཀར་ཞིང་གཙང་ལ། དབེན་ཞིང་འཇགས།

    གྲོང་ཚོའི་ཉེ་འདབས་ཀྱི་དགོན་སྡེ་ཡི་གསེར་མདོག་གི་རྒྱ་ཕིབས་སྟེང་གི་རི་དྭགས་ཆོས་འཁོར་ནི་གཟི་བརྗིད་ཀྱིས་འགྱིང་ཞིང་།དཔའ་སྤོབས་ཀྱིས་ཀྲོང་ངེར་ལངས་འདུག མདུན་རིའི་ངོས་ཀྱི་ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཀློང་ཕྱུག་མོ་ནི་གངས་དང་ཁ་བས་གཡོགས་ཤིང་།གནས་དེར་འཚོ་བའི་རི་དྭགས་གཅན་གཟན་རྣམས་ནི་ཇི་འདྲའི་གྲང་བ་ལ་ཨང་།

    དགོན་པའི་ནང་གི་མཆོད་རྟེན་དཀར་པོ་ནི་འདབ་དྲུག་ཁ་བ་དཀར་པོའི་ཀློང་རིམ་ན་གྲང་ལྷག་གི་ན་བཟའ་དཀར་པོ་ལུས་ལ་མནམས་ནས་ཚེ་རབས་དུ་མའི་ལས་འབྲས་སྲུང་ཞིང་སྐྱིད་སྡུག་འཚོ་བ་ཡི་རེ་སྨོན་བཏེགས་ཡོད།ཕྱོགས་བཞིར་འཐེན་པའི་དྲིལ་བུ་ནི་རླུང་གི་རྒྱུ་བ་དང་འགྲོགས་ནས་སིལ་སྙན་བར་མེད་དུ་སྒྲོག་བཞིན་རྒྱང་རིང་གི་མགྲོན་པོ་ཞིག་ལ་རེ་སྒུག་བྱེད་པ་དང་ཅི་འདྲའི་མཚུངས་ཨང་།

    ཁུ་སིམ་མེར་གནས་པའི་རི་ལུང་ཐང་གསུམ་ན་རྟ་ནོར་ལུག་གསུམ་གྱིས་གྲང་ཤུར་ཤུར་གྱི་ནམ་ཟླའི་ཁྲོད་ན་མཆུ་སྒྲོས་ལ་ཁ་བ་འབྱར་ནས་དབུགས་ཀྱི་འབྱིན་རྔུབ་ཁྲོད་ན་རླངས་པ་ཀྱི་ལི་ལི་འཐུལ་བཞིན་རང་གི་ལྟོ་བའི་ཆེད་དུ་འདུར་རྒྱུགས་བྱེད་བཞིན་འདུག

རྫི་བོ་བྱིས་པ་རེ་འགས་ཁ་བའི་ཁྲོད་དུ་སུན་སྣང་དང་ངལ་དུབ་མེད་པར་རྩེད་མོ་རྩེ་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་མཆིས།

   དེ་དུས་ངའི་ཡ་ཆུང་སེམས་ཁོང་ནས་ནམ་ཡང་བསུབ་དུ་མེད་པའི་གཡོ་སྒྱུ་དང་ཧམ་སེམས་མ་འདྲེས་པའི་བྱིས་དུས་ཀྱི་ཆུང་གྲོགས་མང་པོ་ཞིག་དྲན་དུ་བཅུག

   དེ་རིང་གི་ནམ་ཟླའི་ཁྲོད་དུ་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་རྣམས་ཇི་འདྲའི་འཁྱག་པ་ལ་ཨང་།

   ཕ་གིའི་རི་སྒང་ན་རི་སྤྱང་སྔོན་མོས་ཆོ་ངེ་འདོན་བཞིན་རི་ཞོལ་གྱི་ལུག་ཁྱུ་ལ་ཅེར་ནས་བསྡད།

   སྡེ་འདབས་ཀྱི་བྱིས་གཉོར་ཁང་ན་དགེ་རྒན་ལྷགས་བསམ་ཅན་དག་གིས་ལོ་ན་བཞི་ལྔ་ཅན་གྱི་བྱིས་པ་འཛུམ་མདངས་ཅན་དག་ལ་སྐད་རིགས་གཞན་པའི་གླུ་དབྱངས་ཀྱི་སློབ་ཁྲིད་བྱེད་བཞིན་འདུག

    བྱིས་བློ་མ་ཡལ་བའི་རྣམ་དག་གི་སེམས་པ་དང་སྙིང་རྗེ་བའི་མཆུ་སྒྲོས་ལས་འབྱིན་པའི་གསལ་ལ་མི་གསལ་བའི་གླུ་གཞས་ཀྱི་ཚིག་དང་དབྱངས་རྟས་གྲོང་ཚོའི་ལྷིང་འཇགས་དཀྲོགས་ཤིང་།དགུན་ཟླ་རིང་མོ་ཕར་ལ་སྐྱེལ་བར་བསུ་མ་བྱེད་པ་དང་གཉིས་སུ་མ་མཆིས།

     སྡེ་དཀྱིལ་གྱི་མཆོད་རྟེན་དཀར་པོའི་མཐའ་རུ་སྐྱི་མོའི་ཤ་མདོག་ཡལ་ཞིང་རིག་པའི་སྒོ་མོ་ཉམས་པའི་བགྲེས་པོ་བགྲེས་མོ་དག་གིས་འུ་ཅག་ཐུན་མོང་ལ་དབང་བའི་ལས་སྨོན་དཀར་པོ་དེའི་ཆེད་དུ་ཁ་བ་དང་གྲང་ངར་ལ་བཟོད་བསྲན་བྱེད་བཞིན་སྐྱབས་འཇུག་དང་སྨོན་འདུན་ཞུ་བཞིན་འདུག

   ཉེ་བའི་ལོ་འདི་དག་གི་རིང་ལ་ངའི་ཕ་ཡུལ་ལ་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་གཅིག་འཕྲོར་གཉིས་མཐུད་རེད།

    སྔོ་ཆད་སྐྱབས་རྗེ་བླ་མ་དམ་པའི་ཐུགས་དགོངས་ལྟར་སྡེ་བ་རེ་ལ་མཆོད་རྟེན་རེ་བཞེངས་ཡོད་ལ།ད་ལྟ་ཐོག་བརྩེགས་ཅན་གྱི་བྱིས་གཉོར་ཁང་འཛུགས་བསྐྲུན་བྱས་པ་དང་།ལྷག་བསམ་ཅན་གྱི་དགེ་རྒན་གྱི་དཔུང་སྡེ་བསྐྱེད་བསྲིང་ཡང་བྱས་ཡོད།

    དེའི་ཕྱིར།སྡེ་བའི་ནང་གི་བྱིས་གཉོར་ཁང་དུ་བྱིས་པ་ཇེ་མང་ནས་ཇེ་མང་རེད།

   སྡེ་དཀྱིལ་གྱི་མཆོད་རྟེན་མཐའ་ན་བགྲེས་པོ་བགྲེས་མོ་རེ་འགའ་རེ་མ་གཏོགས་མཐོང་མ་བྱུང་།

   སྒོ་འགྲམ་གྱི་དར་ཤིང་སྟེང་གི་མདོ་གདུགས་སྒྲོལ་གསུམ་གྱི་སྒོ་དར་དཀར་པོ་ནི་ཉི་འོད་ཀྱིས་ཚིག་ནས་ཧྲལ་ཧྲུལ་དུ་བཏང་ཞིང་ཁ་བ་དཀར་པོ་ཀློང་རིམ་ན་དགུན་གསུམ་གྲང་ལྷགས་ཀྱི་རྒྱུ་ཕྱོགས་དང་བསྡེབས་ནས་འཐད་ལ་མི་འཐད་པའི་ངང་ནས་གཡུག་བཞིན་འདུག

   འོན་ཀྱང་།ཁ་བའི་ཀློང་ན་ངའི་ཕ་ཁྱིམ་ཡོད་ལ།

   ངའི་ཕ་ཡུལ་ན་མཆོད་རྟེན་མང་པོ་ཡོད།


  • ལེ་ཚན་སྔོན་མ།:ཕྱིར་དྲན་ངོགས་ཀྱི་སྙིང་ཉེ།
  • ལེ་ཚན་རྗེས་མ།:རང་ཁྱིམ།