འཁོར་བའི་གཞས་ཆུང་།

ཤེལ་དཀར་པོ།        2019-03-20

བརྩེ་དུང་གློག་བརྙན་ཞིག་ལ་

བལྟས་པས་ཞའོ་མོའི་ཚབ་ཏུ་བྲིས་པ།

དམར་ཆུང་སྙིང་ལ་འཛུལ་ཡོད།།

མིག་ཟུང་མདངས་ལ་སིམ་ཡོད།།

ལས་ཀྱི་ལས་གྲོགས་ཆུང་ཆུང་།།

ལས་ཀྱི་མཐའ་ན་ལུས་ཡོད།།

འཁོར་བའི་སྒྲུང་ཆེན་ནང་གི།

མར་ལོ་བཅུད་ཀྱི་ཉིང་ཁུ།།

སེམས་ཀྱི་གྲིབ་ཡོལ་འོག་ནས།།

ཉི་མས་ཚ་ཁུ་མ་བཅུག།

གསོལ་བ་ལྷ་ལ་བཏབ་ནས།།

ལོ་ཟླ་ཆུ་ལ་བསྐྱུར་ཏེ།།

ཉིན་སྲིབ་གཉིས་ཀའི་མཚམས་སུ།།

ཁྱོད་ཉིད་མིག་གིས་འཚོས་བཞག།

དུང་དུང་ངག་གིས་མ་ཁྲོལ།།

དགའ་དགའ་ལུས་ཀྱིས་མ་བསྟན།།

སེམས་ཀྱི་རྟ་རྒོད་འཆོར་ཡང་།།

ཁྱེད་ཉིད་ཟིན་དུས་མེད་ཁུ།།

ལས་ཀྱི་ལ་མོ་ཐང་ནས།།

ལས་ཀྱི་བང་ཁ་བཙན་པས།།

ལས་ཀྱི་སོ་སོའི་གནས་ལ།།

ལས་ཀྱི་ངང་གིས་གྱེས་ཐལ།།

སེམས་ལ་སྨུག་པ་ལང་ལོང་།།

ལས་ལམ་རབ་བེ་རིབ་བེ།།

རི་དྭགས་སྐྱོ་གླུའི་གཞས་དེ།།

ངག་ནས་སྐྱོར་དགོས་བྱུང་ཐལ།།

རི་ཆུ་ཁྲག་ཁྲིག་བར་ནས།།

རྣ་བས་ཁྱོད་ལ་ཉན་འདུག།

ཡིད་ཀྱིས་ཁྱོད་རང་རུམ་འདུག།

རེ་བས་ཁྱོད་རང་སྒུག་འདུག།

ཡུལ་སྡེའི་མི་ཁ་རླུང་རེད།།

རླུང་བུ་ལྡང་ན་ལྡང་ཡང་།།

བུ་ལ་འཚེས་སྣང་མེད་པར།།

ཉིན་མཚན་སོར་མོས་བརྩིས་ཡོད།།

ཁུ་བྱུག་ལྷོ་ལ་འཕུར་སོང་།།

ཚང་ཚིང་ཤུལ་དུ་ལུས་སོང་།།

ནམ་ཞིག་ཕྱི་ལ་བསླེབས་ན།།

ཚང་མལ་ཚང་ཚིང་ཨེ་བཅའ།།

ཁ་བ་འབབ་ཐེངས་མང་བས།།

རྐང་ལམ་ཁ་བས་མནན་སོང་།།

བཙལ་འདོད་ཞེ་ལ་འཁོར་ཡང་།།

ལམ་བུ་འཁྲུལ་བའི་གནས་རེད།།

ཀུ་མུད་འདབ་མ་རྒྱས་དུས།།

ཟླ་བ་སྤྲིན་གྱིས་བསྒྲིབས་སོང་།།

ཟླ་བ་འཛུམ་གྱིས་ཚེས་དུས།།

ཀུ་མུད་སད་ཀྱིས་བཅོམ་སོང་།།

ང་ནི་ཉི་མ་སེར་པོ།།

ཁྱོད་ནི་ཟླ་བ་དཀར་པོ།།

བསྐལ་བརྒྱ་ཡུན་གྱིས་འདས་ཀྱང་།།

འཛོམས་པའི་དུས་ཤིག་མེད་དོ།།


  • ལེ་ཚན་སྔོན་མ།:དབུས་ཀྱི་སྙིང་སྡུག་གཉིས།
  • ལེ་ཚན་རྗེས་མ།:རང་ཉིད་ལ་སྤྲིང་པའི་གཏམ།