རང་ཉིད་ལ་སྤྲིང་པའི་གཏམ།

ནགས་སྒྲ་ལྕེ།        2019-03-22

ལེའུ་དང་པོ།

སྟོད་ན་རྩམ་པའི་གངས་རི་བརྗིད་ཆགས་ཀྱིས་བརྟན་ཞིང་། །

སྨད་ན་གསོལ་ཇའི་མཚོ་མོ་འཇོ་སྒེག་གིས་འཁྱིལ་བ། །

གཟུགས་གཞི་བདེ་ཐང་ཡོང་བའི་རྟེན་འབྲེལ་གྱི་ཚབ་ཏུ། །

ནང་ཇ་རྩམ་པ་བཞེས་རོགས་བསྟན་འཛིན་ལགས་རྒྱལ་མཚན། །


ལེའུ་གཉིས་པ།

ཟླ་འོད་ཀྱི་མལ་སྟན་སྟེང་ན། །

སྙིང་གཏམ་གྱི་མཚོ་མོ་འཕྱུར་ས། །

བརྩེ་སྐྱོང་གི་དྲོད་ཁོལ་སློང་ན། །

དྲན་གདུང་གི་མིག་ཆུ་ཉིལ་སའི། །

དྲན་ཆེན་གྱི་གཅེན་པོ་མ་བརྗེད། །


ལེའུ་གསུམ་པ།

གཡོ་ཅན་ཝ་མོ་ཁྲོས་པའི་ལྐུགས་པ་དང་། །

སྤྱང་ཀི་ཤ་གཟན་དུང་བའི་གླེན་པ་དང་། །

ཀླ་ཀློའི་འཛུམ་ལ་བརྟས་པའི་བོང་བུ་ལ། །

མཐུན་པའི་སྨྲ་བ་ནམ་ཡང་མ་གླེང་ཞིག །


ལེའུ་བཞི་པ།

ཆ་ལེ་ཆོ་ལེ་འབྲི་བཞིན་ཇེ་མང་ལས། །

རིག་པའི་རྣོ་ངར་ཡོད་པ་ཧ་ཅང་ཉུང་། །

ལི་ལིས་རང་རྟུག་གསེར་དུ་སྒོམ་པ་ལས། །

ལྟ་རིན་ཡོད་པའི་ཟིན་བྲིས་ཉུང་ཉུང་ཡིན། །


ལེའུ་ལྔ་པ།

གཞན་དོན་ཆེད་དུ་བརྩོན་པའི་གོས་གྱོན་ན། །

རང་དོན་འབད་མེད་ངང་ནས་རྙེད་པར་འགྱུར། །

གཞན་གྱི་དོན་དུ་ཆེན་པོའང་བློས་བཏང་ན། །

རང་ཉིད་གཞན་གྱི་མགོན་པོའང་ཆེན་པོར་འགྱུར། །


ལེའུ་དྲུག་པ།

སྒྲ་ལྕེ་ལངས་ཕྱོགས་དང་ནི་ཁ་ཕྱོགས་ནི་མ་ནོར། །

མི་གཞི་རིག་གནས་གཉིས་པོ་ཡར་རྒྱས་ནི་མ་བརྗེད། །

ནམ་ཡང་ཕུགས་བསམ་དབྱིངས་སུ་རེ་བ་དེ་མ་ལྷོད། །

ཡུན་གྱིས་རང་གིས་བརྩོན་འགྲུས་འབྲས་བུ་ལ་རེམས་ཤིག །


  • ལེ་ཚན་སྔོན་མ།:འཁོར་བའི་གཞས་ཆུང་།
  • ལེ་ཚན་རྗེས་མ།:སྡེ་ཆེན་མཁའ་འགྲོ་དྲན་པའི་ཐོལ་མགུར།