རོལ་སྐུད། 2019-03-20
དབུས་ཀྱི་ལྷ་ལྡན་ཞིང་ནས།།
གཙུག་ལག་ཆོས་ཀྱི་སྲུང་མ།།
རྒྱལ་མོ་དམག་ཟོར་ལྷ་མོ།།
དེ་རིང་ཁྲོས་པ་མ་གནངས།།
ཇོ་ཇོ་ཡིད་བཞིན་ནོར་བུས།།
སྐུ་སྲུང་རྫོང་བཙན་དམར་པོ།།
ས་དེ་གྲིབ་ཚེའི་སྒང་ནས།།
དེ་རིང་གཟིགས་པ་གནངས་དང་།།
རྫོང་བཙན…
མཇལ་འཕྲད་གསེར་ལས་དཀོན་པའི།།
བཅུ་པའི་བཅོ་ལྔའི་ཞོགས་པར།།
སྙིང་སྡུག་དཔལ་ལྷ་དྲག་མོ།།
རྒྱང་ནས་མཐོང་བ་ཨེ་བྱུང་།།
དཔལ་ལྷ…
ཤི་འབྲལ་བྱས་ན་མ་གཏོགས།།
གསོན་བྲལ་ཞེ་ནས་བོར་བའི།།
ཕོ་རྒོད་རྫོང་བཙན་དམར་པོས།།
ཁྱེད་རང་བསྒུགས་པ་མཐོང་ངམ།
རྫོང་བཙན…
ལས་འཕྲོའི་དར་སྐུད་འབྲེལ་བའི།།
གཙུགས་ལམ་སྒོ་འཕྱོར་ནང་གི།
ཆུང་མ་ཨུཏྤལ་དམར་པོ།།
ཁྱེད་ཕྱོགས་འཁོར་བ་གཟིགས་སམ།།
དཔལ་ལྷ…
དེ་རིང་བཅོ་ལྔའི་ཞོགས་པར།།
སྐྱིད་ཆུའི་ཁ་གཏད་སྒང་ན།།
ན་གཞོན་དཔའ་རྩལ་ཅན་དེའི།།
ཞེ་འདྲིས་ཁྱེད་རང་བསྒུགས་འདུག།
རྫོང་བཙན…
དབུས་ཀྱི་མི་ཚོགས་ལང་ལོང་།།
དགེ་འདུན་ཚོགས་ཁང་གམ་ནས།།
ཁྱོ་ཤུག་ཁྱེད་གཉིས་གླེང་བ།།
ཨམ་ཅོག་ཁོག་ཏུ་བྱུང་ངམ།།
དཔལ་ལྷ…
དགུན་གྱི་བུ་ཡུག་ལྡང་ཡང་།།
མཛའ་བརྩེའི་ཉི་མ་དྲོ་བའི།།
སྟག་ཤར་རྫོང་བཙན་དམར་པོས།།
ཁྱེད་རང་མཐོང་བར་བྲེལ་འདུག།
རྫོང་བཙན…
མ་ཡུམ་དམག་ཟོར་རྒྱལ་མོས།།
བཀའ་ཁྲིམས་རི་ལས་ལྕི་ཡང་།།
ཉིན་ཞག་ཕྲུག་གཅིག་གནང་བ།།
སྐྱོ་གདུང་ངང་ནས་མ་འདའ།།
དཔལ་ལྷ…
འུ་གཉིས་མཇལ་འཕྲད་དཀོན་ཡང་།།
བརྩེ་འདང་ཆུ་ལས་རིང་བའི།།
ལས་འཕྲོའི་དམ་རྟགས་དམར་པོ།།
སང་ལོའི་བཅུ་པར་སྦྲེལ་ཆོག །
རྩོམ་གསར། 10