སྤྱང་ཁྱི་དང་ཁྱི་སྤྱང་།

གངས་དབང་། དཀར་མཛེས།        2018-01-22

     ཁང་པ་མཐོན་པོའི་བར་དུ་མི་མང་པོའི་ཚོགས་སུ་བཙིར་ཡུན་རིང་བས་སྐོམ་ཆུ་ཁ་ལ་ཞིམ་ཡང་། ཁོག་པའི་མེ་ལྕེ་ལ་ཞི་རྒྱུ་མེད། ཁ་ཟས་ཁོག་ཏུ་མིད་ཀྱང་བཀྲེས་པའི་སྣང་བ་འགོག་ཐབས་བྲལ་བ་ན། ངས་མི་མང་དང་ངོ་ལོག ཁ་མང་དང་རྒྱབ་གཏད་དེ་མཐོ་མཐོ་གནམ་སྔོན་པོ་དང་། བརྗིད་བརྗིད་གངས་དཀར་པོ།   ཡངས་ཡངས་སྤང་སྔོན་པོ།  བསིལ་བསིལ་ཆུ་གཙང་མ་བཅས་ཀྱི་རྒྱ་ཆེ་ལ། དཔང་མཐོ་ཞིང་། གཏིང་ཟབ་པའི་པང་དུ་ཕྱིར་རུ་ལོག

   རི་འདབས་ནས་གཅིག་ཐོག་གཅིག་ཏུ་བརྩེགས་པའི་རྨིག་རྗེས་དང་། གཅིག་རྗེས་གཅིག་གིས་མཐུད་པའི་རྐང་རྗེས་ནི་ཕྱིར་དྲན་གྱི་རི་མོ་ལྟར་སྣུམ་ཤིག་ཤིག་དང་ཚང་རྩིས་ཀྱི་རེའུ་མིག་བཞིན་འོད་འཁྱུག་འཁྱུག་རེད།

ལ་འགོ་རུ་ལངས་ནས་བལྟས་ན། མུ་ཁྱུད་དུ་བསྐོར་བའི་གངས་རིའི་རྩེ་མོ་ལ་མ་གཏོགས། རི་ངོས་ཀྱི་ཁ་བ་བཞུས་ཚར་འདུག རྫ་རིའི་སྐེད་ཀྱི་རྐང་ལམ་དེའང་སྨུག་པས་བསྒྲིབས་ཏེ་རབ་བེ་རིབ་བེ་རེད། སྤང་ཁུད་ཀྱི་སྦྲ་ནག་ཕུབ་ཤུལ་དུ་ཐབ་རྡོ་ཨེ་ཡིན་སྙམ་པའི་ནག་ཐིག་རེ་གཉིས་ལས་ཅི་ཡང་མ་མཐོང་།

   ཉི་འོད་འཚེར་འཚེར་གྱི་འོག་ཏུ་རླུང་བུ་ཟིར་ཟིར་གྱིས་ལྡང་བ་ལས། རྩྭ་ཆུ་འི་དྲི་མ་ཞིམ་པོ་སྣ་ལམ་དུ་བརྫངས། གོང་མོའི་གྲེ་འགྱུར་སྙན་མོ་རྣ་ལམ་དུ་འཛུལ་བ་དང་སྦྲགས། ལུང་པ་འདིའི་ནང་གི་རྟ་དྲེལ་དང་ནོར་ལུག་གི་འཕེལ་འགྲིབ། རྫི་བོ་དང་འབྲོག་ཁྱིའི་རྒྱལ་ཕམ་བཅས་སྤྲིན་གྱི་འདུ་འགོད་བཞིན་སེམས་པའི་མཁའ་ལ་འཁོར་ཏེ་རྗེས་དྲན་གྱི་སྒོ་མོ་ཆེས་ཆེར་ཕྱེ།

   ལུང་པ་ཡག་མོ་ཤིང་གི་གཞོང་པ་དང་འདྲ་བའི་དཀྱིལ་དུ། དབྱར་ཁར་རླབས་ཀྱི་མེ་ཏོག་མཁའ་ལ་འཕྱུར། དགུན་ཁར་འཁྱག་པའི་དར་དཀར་རིང་དུ་བརྐྱངས་པའི་གངས་ཆུ་ཞིག་གི་གཡས་གཡོན་དུ། སྤང་རི་དང་རྫ་རི། གངས་རི་བཅས་རྡོ་སྐས་བཞེངས་པ་ལྟར་གནམ་ལ་འཕགས།  སྤང་རིའི་སྐེད་ཀྱི་གདན་ས་ཞིག་ན་སྦྲ་ནག་ཅིག་རྡོ་ཕ་བོང་ནག་པོ་ཞིག་ས་ཐོག་འབྱར་བ་ནང་བཞིན་བརྟན་ཞིང་བརླིང། མཐའ་འགྲམ་གྱི་ལྷས་ར་ནང་ལྕི་བ་རློན་པའི་དྲི་མ་ནི་རྫ་རིའི་རྡོ་དྲི་དང་། གཡའ་རིའི་སྒོག་དྲི། སྤང་རིའི་རྩྭ་དྲི་དང་ལྷན་དུ་རླུང་གིས་གང་སར་ཁྱེར་བས་མི་ཡི་ལུས་དྭངས། ཁམས་སངས།

    རྟ་ནོར་ལུག་གསུམ་ནི་སྲན་མ་དཀར་ནག་ཐང་ལ་བཀྲམ་པ་བཞིན་ཁྱུ་དང་ཁྱུ་བྱས་ཏེ་གངས་ཆུའི་གཡས་གཡོན་དུ་བག་ཕེབས་ཀྱིས་རྒྱུ་ཞིང་། སོ་སོ་ལ་འགོ་ཁྲིད་མཁན་གྱི་རྟ་ཕོ་དང་། གཡག་རྒོད། ལུག་ཐུག་རེ་འདུག  ལག་ནས་འུར་ཆ་འཛིན་པའི་རྫི་བོ་ཞིག་ནོར་ལུག་གི་རྗེས་སུ་འབྲངས་ཏེ། སྟོད་ཀྱི་རི་དེ་གངས་ཀྱི་རི། །གངས་རིའི་འདབས་ལ་འབྲི་བརྒྱ་འཁོར། །ལོ་ན་ནིང་འབྲི་བརྒྱ་འཁོར་ས་ལ། །ལོ་ད་ལོར་བེའུ་ཆུང་བསྟན་པ་དར། །བར་གྱི་རི་དེ་སྤང་གི་རི། །སྤང་གི་རི་ལ་ལུག་བརྒྱ་འཁོར། །ལོ་ན་ནིང་ལུག་བརྒྱ་འཁོར་ས་ལ། །ལོ་ད་ལོར་ལུ་གུའི་བསྟན་པ་དར། །སྨད་ཀྱི་ཐང་དེ་ན་ཐང་ཆེ་། །ན་ཐང་ཆེ་ལ་རྟ་བརྒྱ་འཁོར། །ལོ་ན་ནིང་རྟ་བརྒྱ་འཁོར་ས་ལ། །ལོ་ད་ལོར་རྟེའིུ་བསྟན་པ་དར། །ཞེས་རྫི་གླུ་གསང་གསང་གི་དབྱངས་རྟ་སྙན་མོ་འཚེར་འབའ་ངུར་གསུམ་དང་ལྷན་དུ་ནམ་མཁའི་སྤྲིན་རུམ་ནང་རྒྱུ། འབྲོག་ཁྱི་ཞིག་གིས་རྔ་མ་ལྷུག་པོ་གྱེན་དུ་བཀྱགས། རྣ་བ་ལེབ་ལེབ་ཐུར་དུ་དཔྱངས། མཆུ་ལྤགས་མཐུག་པོ་ལྷབ་ལྷུབ་གཡོ། སུག་བཞི་སྦོམ་པོ་ས་ལ་བཙུགས་ཏེ་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་མཚམས་རེར་རྔ་བརྡུངས་པ་ལྟ་བུའི་ཟུག་སྐད་སྦོམ་པོས་རི་ལུང་འདར་བར་བྱེད།

   རྒྱང་རིང་ནས་བལྟས་ན། དེ་ནི་ཤིང་སྡོང་ཞིག་གི་གཞུང་རྟ་ལས་ཡལ་ག་རྒྱས། ཡལ་ག་ལ་ལོ་མ་འཁྲུངས། ལོ་མ་ལས་མེ་ཏོག་བཞད་པ་དང་ཀུན་ནས་མཚུངས།

   འབྲོག་ཁྱི་དེ་ནི་ས་སྐྱེས་རྡོ་སྐྱེས་ཤིག་ཡིན་ཏེ། དེ་སྔོན་ཕ་ཡུལ་ལ་འབྲོག་སྡེ་མང་བས་མ་ཚད་འབྲོག་དུད་རེ་རེ་ལ་མ་མཐའ་ཡང་འབྲོག་ཁྱི་རེ་ཡོད། ང་རང་ལོ་ན་བཅུ་ཡས་མས་སུ་ངེད་ཚང་གི་འབྲོག་ཁྱི་ལ་ཁྱེའུ་ཞིག་སྐྱེས་ཏེ་ཁྱིམ་མི་ཀུན་གྱིས་ནོར་བུ་ཞིག་རྙེད་པ་ལྟར་གཅེས་སྐྱོང་བྱས་པར་བརྟེན། ཁྱི་མ་དང་ཨ་ན་མ་ན་ཞིག་ཏུ་ཆགས་པ་དང་། བྲང་ཁ་ལ་དུང་དཀར་པོ་ལྟ་བུའི་དཀར་ཐིག་ཅིག་ཡོད་པས་དུང་དཀར་འབྲུག་གྲགས་ཞེས་མིང་སྙན་མོ་ཞིག་བཏགས།

ཨ་ཕའི་ཞལ་ལས་ཐོས་པ་ལྟར་ན། ངེད་ཚང་གི་འབྲོག་ཁྱིའི་རྒྱུད་པ་ནི་སེང་གེ་ལྟར་ཟིལ་ཆེ་ཞིང་། སྟག་གཟིག་ལྟར་དཔའ་ངར་བས་འབྲོག་པའི་རྟ་ནོར་ལུག་གསུམ་ལ་གནོད་འཚེ་ཆེ་བའི་གཅན་གཟན་རྣམས་དང་འཐབ་འཛིང་ཐེངས་མང་བྱས་ཀྱང་། ཕམ་ཁ་ལོན་མ་མྱོང་བས་ཀུན་གྱིས་འབྲོག་ཁྱི་སེང་རྒྱུད་ཅན་ཞེས་ཡིད་སྨོན་བྱེད།

   ཁྱད་པར་དུ་སྤྱང་ཁྱུས་སྔོན་ནས་གབ། རྒྱབ་ནས་འཇབ་སྟེ་རྟེའུ་དང་བེའུ། ལུ་གུ་ལ་སོགས་པའི་ཚེ་སྲོག་འཕྲོག་ནས་འབྲོག་པའི་འཚོ་བ་ལ་གྱོང་གུད་བཟོས་པའི་ལོ་ཞིག་ལ། ངེད་ཚང་གི་འབྲོག་ཁྱིའི་རྒྱུད་པ་རྣམས་ཀྱིས་དཔའ་ངར་ཞུམ་མེད་དང་།  དཀའ་བ་དང་བླངས་ཀྱིས་དེ་དག་དང་མངོན་ལྐོག་གཉིས་ནས་ཐབས་ཤེས་ཟུང་སྦྲེལ་གྱིས་གཡུལ་འགྱེད་བྱས་ཏེ། གཡོ་སྒྱུ་ཆེ་ཞིང་མཐུན་སེམས་གཅིག་པའི་སྤྱང་ཀི་ཁྱུར་ལོངས་པ་ཚོའི་འཐབ་ར་བཙན་པོ་གཏོར་བས་ཀུན་གྱིས་སྤྱང་ཁྱི་ཞེས་ཆེ་བསྟོད་བྱས། སྤྱང་ཁྱི་ཞེས་པ་ནི་ངའི་ཡུལ་མི་ཚོའི་ཁ་སྐད་དེ། སྤྱང་ཀིའི་ཁ་གཏད་དུ་ལངས་ཏེ་དེ་དག་གི་གཡོ་ཁྲམ་གྱི་མཐིལ་བརྟོལ་ནས་ཕྱུགས་ཟོག་ལ་བདེ་འཇགས་ཀྱི་ཁྱིམ་གཞིས་ཤིག་བསྐྲུན་ན་ད་གཟོད་ཆོ་ལོ་དེ་ཐོབ་པས་མ་ཚད། སུ་ཚང་ལ་སྤྱང་ཁྱི་ཞེས་མིང་བཏགས་ཅན་གྱི་འབྲོག་ཁྱི་ཞིག་ཡོད་ན། དེ་ནི་ལ་རྒྱ་དང་གཟི་བརྗིད། རེ་བ་ཞིག་ཏུ་བརྩིས།

   འབྲོག་ཁྱི་དུང་དཀར་འབྲུག་གྲགས་ཀྱི་སྤུ་མདོག་གནག་ཅིང་མཐུག་ལ། མགོ་ནི་སེང་གེའི་མགོ་ལྟར་རལ་པས་བཀབ། སྐེ་དང་མཆུ་ཏོ་སྦོམ་ཞིང་ཐུང་ལ་མིག་ཟུང་ལས་འོད་རྣོན་པོ་ཞིག་འཕྲོས་པ་ལྟར་ཟིལ་ཉམས་མངོན། སུག་བཞི་སྦོམ་ཞིང་སྦར་མོ་རྣོ། རྔ་མ་ནི་གཡག་གི་རྔ་མ་ལྟར་ཕོན་པོར་ཆགས། ཟུག་སྐད་ནི་དམའ་ཞིང་སྦོམ་ཡང་རྔ་ཆེན་ཞིག་གི་སྒྲ་ལྟར་གནམ་ས་གང་བར་བྱེད། ཕར་བལྟས་ན་རྐང་ཁོབ་ལག་ཁོབ་ཆེ་བ་ལྟར་དུ་སྣང་མོད། བརྒྱུགས་ན་མགྱོགས་རྩལ་མྱུར་ཞིང་མཆོངས་ན་འཕར་རྩལ་ཆེ། ཁྱད་པར་དུ་ཁོ་ཡིས་མཇལ་ཚད་ཀུན་ལ་རྔ་མ་གཡུག་གཡུག་མི་བྱེད།  ཐུག་ཚད་ཚང་མར་སྡང་མིག་མི་ལྟ་བར་མཐོ་དམན་ཀུན་གྱི་མདུན་དུ་རང་ཚུགས་བརྟན་པོར་སྲུང་བའི་གཤིས་ཀ་ལ་ང་རང་ཧ་ཅང་དགའ།

འབྲོག་ཁྱི་དུང་དཀར་འབྲུག་གྲགས་ལའང་སེང་རྒྱུད་ཅན་དང་སྤྱང་ཁྱི་ཞེས་པའི་མཚན་སྙན་མོ་ཞིག་ཐོགས་རྒྱུ་ནི་ངའི་རེ་བ་ཉག་གཅིག་ཡིན།

    སྐབས་དེ་དུས་ངེད་ཚང་ལ་རྟ་དྲེལ་དང་ནོར་ལུག་མི་ཉུང་བ་ཞིག་ཡོད་པས། དུས་ཀྱི་འགྲོས་ལྟར་དབྱར་དགུན་སྟོན་གསུམ་གྱི་མཚེར་ས་ལ་སྤོ་རེས་དང་སྡོད་རེས་བྱས་ཏེ་ཁྱིམ་མི་ཀུན་གྱི་འགྲོ་འོང་དང་ལྟོ་གོས་ཕལ་ཆེར་དེ་ཚོ་ལ་བརྟེན། ཁྱད་པར་དུ་ང་རང་སློབ་གྲྭར་སོང་བའི་འགྲོ་སོང་ཚང་མ་ནི་འོ་མར་ཕྱུར་གསུམ་བཙོངས་པའི་ཡོང་སྒོ་ཡིན་པས་མཚེར་ས་དང་རྟ་ནོར་ལུག་གསུམ་དང་བཅས་པའི་དྲིན་དྲན་བཞིན་དེ་ཚོ་དང་ཁ་བྲལ་དུ་མི་ཕོད་པའི་བརྩེ་དུང་ཞིག་ཆགས་ཡོད།

ཉིན་མོར་ཆར་སྨུག་སྟུག་པོས་འགྲོ་ལམ་བཀག་སྟེ། རྐུ་མ་དང་འཕར་སྤྱང་གི་ལྐོག་འཇབ་ལ་དོགས་འཇིགས་སྐྱེས་དུས། འབྲོག་ཁྱི་དུང་དཀར་འབྲུག་གྲགས་ཀྱང་རྗེས་སུ་འབྲངས་ཏེ། ནོར་ལུག་གི་མཐའ་འཁོར་དུ་འདུ་རྒྱུགས་བྱེད་པས་མ་ཚད། ཟིལ་ཤུགས་ཆེ་བའི་ཟུག་སྐད་རེ་བཏོན་པས་རྫི་བོ་རྣམས་ཀྱི་སེམས་པ་ལྷོད་འཇགས་སུ་བཏང་མྱོང་།

   མཚན་མོར་ཁ་བའམ་ཆར་པ་ཡིས་སྦྲ་སྒོ་བཀག་སྟེ། ལྷས་ར་ནང་བེའུ་ཡི་ངུར་འབོད་དང་རྟེའུ་ཡི་འཚེར་སྐད་གྲག་དུས། འབྲོག་ཁྱི་དུང་དཀར་འབྲུག་གྲགས་ཀྱིས་ལྷས་ར་བསྐོར་ཞིང་ཟུག་སྐད་ཀྱི་རྒྱུན་མ་ཆད་པས་སྙིང་ཆུང་ལྷན་ལྷན་འདར་བའི་འབྲོག་བདག་རྣམས་རྨི་ལམ་གྱི་ཞིང་ཁམས་སུ་བདེ་བར་རོལ།

   དེ་ཡང་ཡིན་ཏེ། རླུང་སྤུ་གྲི་ངར་མའི་དྲིན་གྱིས་སྤུ་ཁ་མཛེས། རྫ་ཁྲ་ཡག་མཐོན་པོའི་ལམ་དུ་སུག་བཞིའི་རུས་པ་སྲ། གངས་ཁ་བ་དཀར་པོའི་ནང་དུ་ལུས་ཀྱི་ཤ་ཁྲག་དར། མཐོ་སྒང་གི་རི་མཐོན་པོ་དང་ཆུ་ཆེན་པོ། ཐང་ཡངས་མོ་ནང་ད་གཟོད་ཁྱེད་ཀྱི་དགྲ་ལྷ་དར་བས་དགོང་མོར་ཁ་ཆར་གྱི་ཁྲོད་དུ་སྤྱང་ཁྱུའི་ངུ་ཟུག་མཆེད་ཀྱང་། ཁྱེད་རང་མེལ་ཚེ་རུ་ཡོད་པས་ནོར་ལུག་རྣམས་བག་ཕེབས་ཀྱིས་ས་ལ་ཉལ་ནས་ལྡད་བཅའ་ཆོག དགོང་མོར་ཟླ་འོད་མག་མོག་གོན་པའི་རྐུ་ཇག་ཚོའི་རྡོག་སྒྲ་གྲག་ཀྱང་ཁྱེད་ཉིད་སྲུང་མར་ཡོད་པས།  བྱིས་པ་ཚོས་ཟུག་སྐད་སྦོམ་པོའི་ནང་མེས་པོའི་གནའ་སྒྲུང་ལ་མཉན་ཆོག

    ཨ་ཕས་ཡུན་རིང་པོར་རྒྱུས་ལོན་བྱས་པ་ལྟར་ན། གལ་སྲིད་དུང་དཀར་འབྲུག་གྲགས་ཀྱིས་གློ་བུར་དུ་ཟུག་ཐེངས་གཅིག་བྱས་ན་རྒྱུས་ཡོད་ཀྱི་མི་ཞིག་དང་།  ཟུག་ཐེངས་གཉིས་གསུམ་ཙམ་བྱས་ན་རྒྱུས་མེད་ཀྱི་མགྲོན་པོ་ཞིག་སླེབས་པའི་རྟགས་ཡིན་ལ། གལ་སྲིད་མུ་མཐུད་དུ་ཟུག་ཅིང་འཕར་མཆོངས་བྱས་ན་གཅན་གཟན་གྱི་དྲི་མ་བྲོ་བ་རེད་ཟེར། ངས་ཀྱང་ཐེངས་མང་པོ་ཞིག་ལ་བརྟག་དཔྱད་བྱས་མཐར་དངོས་གནས་དེ་འདྲ་རེད་འདུག་པས། ཁྱི་ཡིས་མི་སྐད་མི་ཤེས་ལ་མི་ཡིས་ཁྱི་སྐད་མི་གོ་ཡང་། དུང་དཀར་འབྲུག་གྲགས་ཀྱིས་ཐབས་དེ་ལ་བརྟེན་ནས་མི་དང་གོ་བརྡ་སྤྲད་པ་ནི་དངོས་གནས་སེམས་མཐུན་ན་ཅིས་ཀྱང་གོ་བརྡ་འཕྲོད། སེམས་མ་མཐུན་སྐད་ཆས་ཅི་བྱ་མེད་ཅེས་པ་ལྟར་རེད།

    ཉིན་ཞིག་གི་སྔ་མོར། ཚ་མོས་ངུ་སྐད་དང་བཅས་དུང་དཀར་རྨས་འདུག་ཅེས་ཟེར། ང་མགྱོགས་མྱུར་དུ་ལངས་ནས་སྦྲ་སྒོར་བུད་དུས། དུང་དཀར་འབྲུག་གྲགས་སྦྲ་སྒོའི་འགྲམ་དུ་ཙོག་ནས་འདུག་ལ། མཆུ་ཏོ་དང་ལག་པ་ལས་ཁྲག་དམར་འཛག་བཞིན་སྣང་།  ངས་ལག་པ་ཡང་མོས་མཆུ་ཏོའི་ཁྲག་འབྱེད་གྲབས་བྱེད་དུས། ཁོས་མགོ་བོ་སྒུར་ཏེ་ལྕེ་བསྣར་ནས་ལག་པའི་རྨ་ཁ་ལྡག སྐབས་དེ་རུ། འབྲི་བཞོན་མ་ཞིག་འཐེང་འགྲོས་ཀྱིས་ལྷས་ར་ནང་ཐོན་བྱུང་། དེའི་རྐང་པ་དང་རྐུབ་ཡང་རྨས་ཏེ་ཁྲག་དམར་འཛག་བཞིན་ཡོད་པས། གཞི་ནས་མདོ་དགོང་མཚན་མོར་དུང་དཀར་གྱིས་འབྲི་མ་དེའི་ཆེད་དུ་འཕར་སྤྱང་རྔ་མ་རིང་པོ་ཚོ་དང་དམར་འཛིང་བྱས་པ་ཤེས།

དུང་དཀར་གྱིས་འབྲི་བཞོན་མ་མཐོང་དུས་མིག་ཟུང་ལས་རེ་བའི་འོད་མདངས་ཤིག་འཕྲོས་ཤིང་། རྔ་མ་གཡུག་ཙམ་གཡུག་ཙམ་བྱས། བཞོན་མ་ཡིས་ངུར་སྐད་ཀྱིས་རང་གི་བེའུ་འབོད་ཀྱིན་མིག་མཐའ་རུ་མཆི་མ་འཁོར་བཞིན་དུང་དཀར་ལ་བལྟས་པ་ནི་འཇིགས་པ་ལས་བསྐྱབས་པའི་བཀའ་དྲིན་ཚོར་བ་འདྲ།

   དུས་དེ་ནས་བཟུང་། འབྲོག་སྡེ་དེ་རུ་དུང་དཀར་འབྲུག་གྲགས་ལ་སྤྱང་ཁྱི་དུང་དཀར་ཞེས་བོས་ཏེ་སྙན་གྲགས་ཧ་ཅང་ཆེ།

   དེ་ལྟར་གངས་རིས་སྤང་རི་དང་། སྤང་རིས་ལྷས་ར་སྲུང་བ་ལྟར་འབྲོག་ཁྱིས་རྟ་ནོར་ལུག་གསུམ་བསྲུངས་ཏེ་རྟ་སྒ་ཆགས་ཀྱིས་འགྲོས་རྩལ་མ་ཤོར། ནོར་དཀར་ཆགས་ཀྱི་འོ་ཕྱུར་མ་ཉམས། ལུག་གཡང་ལྡན་གྱི་བལ་ཁ་མ་ཡལ་བས། ང་ཚོ་ཡང་སེང་ཕྲུག་ཨ་མའི་རྗེས་སུ་གངས་ལ་འགྲིམ་པ་དང་། རྒོད་ཕྲུག་གིས་སྤྲིན་གྱི་ནང་ལ་འཕུར་རྩལ་སྦྱོང་བ། འབྲོང་ཕྲུག་གིས་རྫ་ལམ་བཏོད་པ་ལྟར་འབྲོག་སྡེ་གཡང་ར་ཁྲ་མོ་ནས་རི་མཐོན་པོའི་ཆགས་ལུགས་ཤེས་ཤིང་ཆུ་དྭངས་མའི་འགོ་ཁུངས་འཚོལ་བའི་རིགས་ཀྱི་བུ་དང་བུ་མོ་གཅིག་རྗེས་གཉིས་མཐུད་དུ་སྐྱེས།

   འབྲོག་ཁྱི་དུང་དཀར་འབྲུག་གྲགས་ལ་ཆ་མཚོན་ན། རུས་སེང་དུ་ཟུག་པའི་གྲང་ངར་དང་། རྐང་ལག་ཀྱང་འཁེང་བའི་ཁ་ཆར་གྱི་ནང་འཕར་སྤྱང་ཚོ་དང་དམར་འཛིང་བྱས་ཏེ་གཞི་ནས་བཙན་པོ་མགོ་ནས་གནོན་ཞིང་ཉམས་ཆུང་མཐའ་ནས་སྐྱོང་བའི་ཁོ་ལག་དང་མཐུ་རྩལ་རྒྱས་པས། ཁོ་ལའང་ཁྱེའུ་རེ་གཉིས་སྐྱེས་ཏེ་རྒྱུད་འཛིན་པ་ཞིག་ཡོང་རྒྱུ་ནི་ང་ཚོའི་སེམས་ནང་གི་ཕུགས་རེ་ཡིན་མོད། ལག་བདེ་མོ་ཞིག་གིས་སྦྲ་ནག་གྲུ་བཞི་རྡོ་ཁང་ལེབ་མོར་བསྒྱུར་ཞིང་། ཁ་མཁས་པ་ཞིག་གིས་རྟ་ནོར་ལུག་གསུམ་ཚོང་རྫས་ལ་བརྗེས་པ་ནས་བཟུང་། འབྲོག་སྡེའི་མཚེར་ས་རིམ་བཞིན་དུ་སྟོང་པར་གྱུར་པས་འབྲོག་ཁྱི་ཚོའི་སེམས་བརྟེན་སའི་ལྷས་ར་དང་། ངར་འདོན་སའི་གཡུལ་ས་མེད་པར་ཆགས་རྗེས་འབྲོག་ཁྱི་མང་ཤོས་ནི་གཞན་རྗེས་འབྲངས་ཏེ་གར་སོང་ཆ་མེད་དུ་གྱུར། ཉུང་ཤོས་ཤིག་བདའ་དེད་ཕུད་གསུམ་གྱིས་རུས་པ་དཀར་མོ་གངས་རིའི་འདབས་སུ་ཐོར།

    ང་ཚོའི་དུང་དཀར་འབྲུག་གྲགས་ཁེར་རྐྱང་དུ་ལུས་དུས་གོམ་པའི་སྟབས་དང་མིག་ཟུང་གི་ཉམས་ལས་ཁེར་རྐྱང་གི་སྡུག་བསྔལ་ཞིག་མཐོང་མི་ཐུབ་མོད། སྐབས་འགར་མཚན་མོར་སྔོན་དང་མི་འདྲ་བའི་ཟུག་སྐད་རིང་པོ་ཞིག་འདར་ཤོམ་ཤོམ་གྱིས་གཏོང་དུས། ཨ་ཕ་མལ་ལས་ལངས་ཏེ་སྒོ་ཁར་ཀི་རིང་ཞིག་བཏབ་ནས་ཁོ་ལ་རམ་འདེགས་བྱས།

    ཉིན་ཞིག་ལ་གང་ནས་ཡོང་བ་མི་ཤེས་པའི་ཤ་ཁྱི་རྔ་མ་རིང་པོ་ཅན་ཞིག་ལྷས་རའི་འགྲམ་དུ་སླེབས། ཨ་ཕ་ཡིས་བདག་མེད་ཀྱི་དུད་འགྲོ་ཅི་འདྲ་ཞིག་སྒོ་ཁར་ཡོང་ཡང་། ལྟོ་ཐེངས་གཅིག་བླུད་ཐུབ་ན་དགེ་བ་འབུམ་དུ་གྱུར་ཏེ་ཚོགས་བསོད་ནམས་གསོག་ཐུབ་ཅེས་ཟེར། ངས་བེའུ་ཤི་རོའི་ཤ་དུམ་བུ་ཞིག་ཤ་ཁྱི་དེ་ལ་བྱིན་མ་ཐག དེས་ཤ་རུས་གཉིས་ཀ་ཁྱུར་མིད་དུ་བཏང་རྗེས་ད་དུང་མིག་ཧྲིག་ཧྲིག་གིས་ང་ལ་ལྟ་བཞིན་རྔ་མ་གཡུག་ཙམ་གཡུག་ཙམ་བྱས། འབྲོག་ཁྱི་དུང་དཀར་གྱིས་མཐོང་མ་ཐག་ཧབ་སྒྲ་དང་བཅས་དེའི་ཕྱོགས་སུ་མཆོངས་ཀྱང་། ཤ་ཁྱིས་རྔ་མ་དྲུད་དྲུད་དང་། རྣ་བ་ལེབ་ལེབ། སྡུག་སྐད་ཙིར་ཙིར་གྱིས་ཉམ་དུངས་དུངས་ཀྱི་ཚུལ་བསྟན་པས། དུང་དཀར་གྱིས་ཀྱང་འཕར་སྤྱང་ཚོ་དང་དམར་འཛིང་བྱས་པ་ལྟར་སོ་འདེབས་སྦར་འདྲད་མ་བྱེད་པར་ལྷོད་དུ་བཏང་སྟེ་དེ་དང་འགྲིག་འགྲིག་མ་བྱས།

     ལོ་ཕྱེད་ཙམ་གྱི་རིང་ལ་འབྲོག་ཁྱིས་རང་འབབ་ཀྱི་ལས་ལ་གཞོལ། ཤ་ཁྱིས་རང་མཁོའི་ཤ་དུམ་རུས་སྐམ་དོན་དུ་གཉེར་ཡང་། ཡུན་མི་རིང་བ་ན་དུང་དཀར་འབྲུག་གྲགས་ཀྱི་ཕོ་བ་ཇེ་ཆེར་གྱུར་ཏེ་མཐར་ཁྱེའུ་གཉིས་སྐྱེས་བྱུང་།

ང་ཚོ་དགའ་སྤྲོས་བཟི་སྟེ་ལྟོ་གང་ཡག་གིས་གསོས་ཀྱང་། ཁྱེའུ་གཉིས་ཇེ་ཆེར་འགྱུར་བ་དང་བསྟུན་ནས་སུག་བཞི་ནི་ཕྲ་ཕྲ། སྤུ་མདོག་ནི་སྐྱ་སྐྱ། མཆུ་ཏོ་ནི་རིང་པོ། རྣ་བ་ནི་ཙུག་ཙུག་བཅས་ཁྱི་མ་དང་ཕྱིན་ཅི་ལོག་པས་སེམས་པ་ཇེ་འཁྱག་དང་དོགས་གཞི་ཇེ་ཆེར་གྱུར། འབྲོག་ཁྱི་དུང་དཀར་ལ་མཚོན་ན། ཁྱེའུ་གཉིས་ཀྱི་སྐྱེད་གཟུགས་དང་བྱ་སྤྱོད་བཅས་རང་དང་གཏན་ནས་མི་འདྲ་ཡང་། དྲིན་ཆེན་མ་ལ་རང་ཤུགས་སུ་ཆགས་པའི་བྱམས་སེམས་ཀྱིས་དེ་གཉིས་རྗེས་སུ་ཁྲིད་དེ་རང་མགོ་མ་ཐོན་བར་དུ་གསོ་སྐྱོང་བྱས།

ཁྱེའུ་གཉིས་ནི་ཆེན་པོར་ཆགས་ནའང་ཉིན་མོར་ཡར་རྒྱུག་མར་རྒྱུག་འགའ་བྱས་རྗེས་སྦྲ་སྒོའི་འགྲམ་དུ་སྐྱིད་ཉལ་བརྒྱབ། མཚན་མོར་བདག་པོའི་ཟས་ལྷག་རྒྱགས་ཚད་ཅིག་བཏུང་རྗེས་ཁྱི་ཚང་དུ་ཁྱི་ཉལ་བྱས་པ་ལས་ཆར་པ་དང་སྨུག་པའི་ནང་། ཁ་བ་དང་འཁྱག་དར་གྱི་ཐོག་ལ་ཁྱི་མ་ཡི་རྗེས་སུ་འབྲངས་ཏེ་ནོར་ལུག་སྲུང་ཚུལ་མཐོང་མ་མྱོང་།

    བུ་ལང་ཚོ་དར་བས་བློ་ཕ་ལ་མི་འདྲི་ཞིང་། བུ་མོ་གནས་ལ་རན་དུས་ཟས་མ་ལས་མི་སློང་ཞེས་པ་ལྟར་ཁྱེའུ་གཉིས་ནི་རང་མགོ་ཐོན་ཐག་ཆོད་པའི་དུས་ལ་བབ་ཀྱང་། ཟ་དགའ་ལས་སྡུག་ཁོ་ན་ལས་རིགས་རྒྱུད་འཛིན་པའི་རྟགས་མཚན་ཅི་ཡང་མཐོང་རྒྱུ་མེད་པས་འབྲོག་ཁྱི་དུང་དཀར་ནི་འགྱོད་ནོངས་དང་སྐྱོ་གདུང་གིས་མནར་ཏེ་ཤ་རིད་རུས་ཞན་གྱིས་ཚེ་ལས་འདས་སོང་།

    དུང་དཀར་འབྲུག་གྲགས་ནི་རྔོན་པའི་རྗེས་སུ་མི་འགྲོ་ཞིང་། སྒོ་ཟོག་གི་ཤ་རྗེན་མི་ཟ་ལ། ཤ་ཁྱི་དང་གྲོགས་པོར་མི་འགྲོགས་པ་ནི་སྒོ་ཁྱི་སེང་རྒྱུད་ཅན་ཞིག་གི་ཚེ་གཅིག་གི་དམ་བཅའ་ཡིན་པ་ངས་ཤེས་མོད། དང་ཐོག་བེའུ་ཡི་ཤ་རུས་ཀྱིས་ཤ་ཁྱི་དེའི་ཁ་བསླུས་སོང་བ་ད་གཟོད་ཤེས། ཤེས་ཀྱང་ཅི་ཕན། འགྱོད་པ་ལས་ཀྱི་ཐ་མ་རེད། ཤ་ཁྱི་དེས་ཤི་འབྱར་རོ་འབྱར་བྱས་པས་འབྲོག་ཁྱིས་དམ་བཅའ་ཤོར་བ་གཞི་ནས་གོ། གོ་ཡང་ཅི་ཕན། སྡོམ་པ་ཤོར་བ་ལས་སྡིག་ཉེས་ཅི་ཡོད། མ་གཞིར་ཤ་ཁྱི་ནི་ཤ་ཡི་དོན་དུ་རྨིག་པ་ཅན་འཚོ་ཞིང་། འབྲོག་ཁྱི་ནི་འབྲོག་པའི་དོན་དུ་སྡེར་ཆགས་སྦར་མོ་ཅན་དང་འཐབ་དགོས་པས་གནས་མལ་གཅིག་ཏུ་མཐུན་ཐབས་བྲལ་ཡང་། ད་ནི་སུ་ལ་ཁག་དཀྲི། ཁོར་ཡུག་གིས་ལན་ཟེར་ན་སུས་ཁས་ལེན། དུས་ཚོད་ཀྱིས་དེད་ཟེར་ན་སུའི་རྣ་བར་འགྲོ།

     སྤྱིར་བོད་མིའི་སེམས་རྒྱུད་ནང་སྐྱེས་མཐར་འཆི་བ་དང་བསགས་མཐར་འཛད་པའི་གནས་ལུགས་ལ་གོ་བ་ངེས་ཅན་ཞིག་ཡོད་པས་སྐྱེ་འཆིའི་ཐད་ལ་དེ་འདྲའི་ཚད་ལས་བརྒལ་བའི་དགའ་སྐྱོ་ཡོང་མི་སྲིད་མོད། འབྲོག་ཁྱི་དུང་དཀར་འདས་དུས་སྔོན་དང་མ་འདྲ་བར་སྡུག་བསྔལ་དང་སེམས་ཁྲལ་ཆེན་པོ་ཞིག་སྐྱེས་པས་ཁོའི་ཕུང་པོ་དེ་སྦྲ་ནག་དང་ཐག་མི་རིང་བའི་ས་ན་ཐོ་ཡོར་ཞིག་གི་འགྲམ་དུ་དུར་འཇུག་བྱས་རྗེས་ཞེ་དགུའི་རིང་ལ་བསྔོ་བ་སྨོན་ལམ་གྱི་ཆོ་གའང་མང་པོ་བྱས་ཡོད།

འབྲོག་ཁྱི་དུང་དཀར་འབྲུག་གྲགས་ཚེ་ལས་འདས་རྗེས། ཁྱེའུ་གཉིས་ཀྱིས་སྦྲ་ནག་དང་ཁ་བྲལ་ལ་མ་བྲལ་ཚུལ་གྱིས་རང་མགོ་གང་ཐོན་བྱས། ཐེངས་གཅིག་ལ་དེ་གཉིས་ཀྱི་མིག་མན་ཆད་ལ་ཁྲག་འགོས་ཤིང་། ཕོ་བ་ནི་འགད་ལ་ཁད་པས་ང་ཚོས་འབྲོག་ཁྱི་འབྲུག་གྲགས་ཀྱི་བྱས་རྗེས་དྲན་ཏེ་དགའ་སྤྲོ་སྐྱེས་མོད། ཉིན་དེར་མཛོ་མོ་ཞིག་བོར་སོང་ལ་མཐར་གངས་རིའི་འདབས་སུ་ལྤགས་རུས་ཐར་ཐོར་རེ་རྙེད་པར་མ་ཟད། ཕྱུགས་ཟོག་རྣམས་ཀྱིས་ཁྱི་དེ་གཉིས་མཐོང་མ་ཐག་རྔ་མ་གྱེན་དུ་གཟེངས། རྭ་ཅོ་གནམ་ལ་གཡུགས། རྨིག་པ་སྤང་ཐོག་བརྫིས་ཏེ་ཁོང་ཁྲོ་དང་འཁང་རའི་རྣམ་འགྱུར་བསྟན་པས། ང་ཚོ་ད་གཟོད་ཧ་ལས་ཧང་སངས་ཏེ་རྡུང་རྡེག་དེད་གསུམ་གྱིས་དེ་གཉིས་མཐའ་རུ་བསྐྲད། མཐར་ཁྱི་གཤིས་བོར་བའི་གཅན་གཟན་དེ་གཉིས་ཀྱིས་འཕར་སྤྱང་ཚོ་དང་ངན་སྦྲེལ་བྱས་ཏེ་ངེད་ཚང་གི་ཕྱུགས་ནོར་ལ་གནོད་འཚེ་བཏང་བ་བགྲང་གིས་མི་ལངས་པས། འབྲོག་སྡེ་དེ་རུ་ཁྱི་སྤྱང་ཞེས་པའི་མིང་ངན་ཞིག་ཀྱང་ག་ས་གང་ན་ཁྱབ། ཁྱི་སྤྱང་ཞེས་པའང་ངའི་ཡུལ་མི་ཚོའི་ཁ་སྐད་དེ། འཕར་སྤྱང་ཚོ་དང་ལྷན་དུ་ངན་འབྲེལ་བྱས་ཏེ་ཕྱུགས་ཟོག་རྣམས་ལྐོག་བསད་དང་ལྐོག་ཟ་བྱེད་པ་ལ་གོའོ།།

   ངས་སྟོང་སང་སང་གི་ལུང་པ་དེ་རུ་ཐོ་ཡོར་ལ་བསྙེས་ཏེ། ཐག་མི་རིང་བའི་ས་ན་སྦས་པའི་འབྲོག་ཁྱི་དུང་དཀར་གྱི་དུར་ས་ལ་བལྟས་ཀྱིན་དེ་ལྟར་རྗེས་དྲན་བྱེད་དུས་མིག་མཐར་མཆི་མ་འཁོར་བཞིན་གཉིད་དུ་ལོག

    རྨི་ལམ་དུ་ང་དང་ཐག་ཉེ་བའི་རྫ་རི་དང་སྤང་རིའི་མཚམས་ན། ནོར་ཁྱུ་ཞིག་གིས་བེའུ་དང་བཞོན་མ་རྣམས་དཀྱིལ་དུ་བཙུད་དེ། ཚང་མས་རྔ་མ་གྱེན་དུ་གཟེངས། ཁ་ནས་དབུགས་རླངས་འབྱིན། རྭ་རྩེ་གཡུག་གཡུག་བྱེད་ཀྱིན་འདུག  ཅུང་མ་འགོར་བར་ཅའོ་་་་ཅའོ་་་ཞེས་སྡུག་སྐད་བཏང་བ་དང་སྦྲགས། སྤྱང་ཀིའམ་ཁྱི་རྒན་ཞིག་གནམ་ལ་འཕངས་རྗེས་ས་ལ་བརྡབས་ཏེ་གྲག་འགུལ་མེད་པར་གྱུར་སོང་།

    ནོར་ཟོག་རྣམས་རིམ་གྱིས་གྲལ་བསྟར་བསྒྲིགས་ཏེ་རྫ་ལམ་དེད་དེ་འགྲོ། ཐལ་རྡུལ་དྭངས་རྗེས་ཞིབ་ཏུ་བལྟས་པ་ན། སྤྱང་ཀིའང་ཁྱི་རྒན་གང་ཡིན་དབྱེ་འབྱེད་མེད་པ་ཞིག་ཁ་གདངས། ལྕེ་བརྐྱངས། མིག་བགྲད་ནས་ཤི་ཟིན།

རྟ་ནོར་ལུག་གསུམ་ནི་རིམ་བཞིན་དུ་མིག་ལམ་ནས་མི་མཐོང་བར་འགྱུར་བཞིན་འདུག

བྱ་རྒོད་གཉིས་གསུམ་མཁའ་མཐའ་ནས་ཡོང་སྟེ་ཤ་ཁྲག་ཡིད་ཚིམས་པར་རོལ་རྗེས་འཕུར་གྲབས་མཛད།

ངས་འབྲོག་ཁྱི་མེད་ཀྱང་རང་སྡེ་སྲུང་མཁས་པའི་རྟ་ནོར་ལུག་གསུམ་ཕྱིར་ལྷས་ར་ནང་འཁོར་བ་རྨིས།

ངས་འཕར་སྤྱང་དང་ངན་སྦྲེལ་བྱེད་པའི་རྣམ་ཤེས་དེ་འབྲོག་ཁྱི་སེང་རྒྱུད་ཅན་ཞིག་ལ་ཞུགས་པ་རྨིས།།

 

 


  • ལེ་ཚན་སྔོན་མ།:དཀར་ནག
  • ལེ་ཚན་རྗེས་མ།: ངའི་ཨ་མ་འབྲོག་མོ་ཞིག་ཡིན།