དྲན་གདུང་ངག་གི་རོལ་དབྱངས།

དུང་རིང་སྙིང་ལྕགས་བཀྲ་ཤིས།        2017-12-08

སྒྱུ་འཕྲུལ་པིར་རྩེར་ལན་གཅིག་བསྐྱོད་ནས། །

སྙན་མོ་ཚིག་འབྲུ་རེ་རེ་བཞིན་དུ། །

རང་སྣང་དུང་བ་འཚམས་པའི་གླུ་ཞིག །

དྲིན་ཆེན་ཕ་མ་དགྱེས་བར་ལེན་ནོ། །

ཕོ་ལོ་སུམ་ཅུ་མི་དྲན་དགུ་དྲན། །

བརྩེ་ལྡན་དྲིན་ཆེན་ཕ་ལོ་མ་ལོའི། །

གཞལ་མེད་སྐུ་དྲིན་སྙིང་ནས་དྲན་ན། །

སེམས་ལ་སོས་མེད་རྨ་ཁ་བཏོད་འོང་། །

ཞི་བདེ་འཚོ་བའི་ཆུ་གཏེར་ཀློང་ན། །

འཛད་འཕྲིན་རླབས་རྒྱུན་མཁའ་རུ་འཕྱོ་བའི། །

དྲིན་ཆེན་ཕ་མའི་བཀའ་དྲིན་དྲན་ན། །

ཡིད་སྨོན་སེམས་འགུལ་ཞེ་ལ་ཐེབས་སོང་། །

བུ་ཆུང་གཉོམ་ལག་རྒྱས་པའི་ཕྲེང་ནས། །

ཉིན་ཞག་དབྱེར་མེད་སྡུག་ལས་མྱོང་བ། །

དྲན་ཞིང་དྲན་ན་བཟོད་ཐབས་དཀའ་བའི། །

སྐྱོ་སྣང་མུན་པས་ཡ་ཆུང་བཀླུབས་སོང་། །

སྐྱོ་བའི་མིག་ཆུ་མར་མར་འགྲིལ་པ། །

འགྱོ ད་སྣང་སེམས་ཀྱི་གདུང་དབྱངས་སྙམ་པས། །

ཐུགས་རྗེ་འོད་ཀྱི་བྱིན་རླབས་ཙམ་ཞིག །

རྒྱང་རིང་བུ་ལ་ཟུར་ཙམ་གནང་རོགས། །

དབང་མེད་བུ་ལོ་ས་མཐར་རྫོངས་ནས། །

ཅི་བྱེད་འདི་བྱེད་རང་དབང་བོར་དུས། །

ཕ་ལོ་མ་ལོའི་གཅེས་ལངས་སྐབས་ཀྱི། །

བདེ་སྐྱིད་འཚོ་བའི་སྤྲོ་སྣང་དྲན་སོང་། །

དྲིན་ཆེན་སེམས་ཀྱི་ཉི་ཟླ་ཟུང་གི །

བདུད་རྩིའི་སྙིང་གི་བྱིན་རླབས་བསམ་ན། །

དྲན་པའི་མིག་གི་མཆི་མའི་ཐིགས་ཕྲེང་། །

བསགས་པའི་རྒྱ་མཚོའི་གཞུང་ལ་འདྲེས་ཡོད། །

སྙན་པའི་གཞས་ཀྱི་གླུ་ཚིག་འདྲ་ཞིག །

སེམས་ན་མཆིས་ཀྱང་སྙིང་པོ་བྲལ་བས། །

བདེན་ཐོག་དྲིན་ལན་ལན་གཅིག་འཇལ་བར། །

ཉིན་ཞག་དབྱེར་མེད་སྙིང་ལ་བཅངས་ཡོད། །

ལུང་ཀྱོག་སྐམ་པོའི་སྟོང་ཉིད་སྒོམ་བཞིན། །

བཙག་དང་སེར་བའི་ན་ཟུག་བསྲན་བཞིན། །

རྒྱང་རིང་ཕ་མའི་བྱམས་བརྩེ་དྲན་བཞིན། །

ངག་གི་འགྱུར་ཁུག་དབྱངས་ལ་བཀུག་ཡོད། །

མི་རྐྱང་འཚོ་བའི་སུན་སྣང་རོལ་དུས། །

ཐབས་མེད་ཆང་གིས་ཉིན་ཞག་སྐྱེལ་དུས། །

རྨོངས་པའི་ཞེ་ནས་མིག་ཆུ་ཤོར་དུས། །

བརྗེད་དཀའི་ཉིན་ཐོ་ཡིད་ལ་བྲིས་ཡོད། །

ཟག་བཅས་དལ་འབྱོར་བརླ་རྐང་ཟད་བར། །

སེམས་ཀྱི་དབྱིངས་ལ་བཀལ་བའི་ཉི་ཟླ། །

རྟེན་འདིར་ཐོབ་པའི་དྲིན་ཅན་ཡིན་ཕྱིར། །

བསམ་ཞིང་བསམ་ན་ཝ་ལེར་དྲན་འོང་། །

དཔག་མེད་སྐུ་དྲིན་གཞལ་མེད་ཡིན་པས། །

རིང་བའི་ས་མཐའི་ཡུལ་གྲུ་ཞིག་ནས། །

དྲན་པའི་ཡིད་ཀྱི་བདེ་སྡུག་རེ་རེ། །

རབ་དཀར་ཤོག་བུའི་ཐང་ལ་བཀོད་སོང་། །

 


  • ལེ་ཚན་སྔོན་མ།:ཤེས་རིག་ནོར་བུ།
  • ལེ་ཚན་རྗེས་མ།:ཡབ་ཆེན་ལགས། བཤེས་གཉེན།