ཡབ་ཆེན་ལགས། བཤེས་གཉེན།

ལྷོ་སྨོན།        2017-12-12

ཞོགས་པར།

ཀ་ཁ་ཡི་དབྱངས་སྒྲ་ཕྱོགས་བཞིར་ཁྱབ་པ་འདི།

ངེད་བྱིས་པ་ཚོའི་དཔེ་ཀློག་གི་སྒྲ་ཡིན།

རོལ་དབྱངས་ལྟ་བུའི་དབྱངས་རྟ་སྙན་པོ་དེས།

མཚན་གང་གཉིད་ལ་ཡུར་བའི་ཡུལ་ལུང་འདི་གཉིད་ལས་བསླངས།

ཉི་ཟེར་རིམ་བཞིན་ངོ་གདོང་ལ་འཕྲོད་པ་དང་མཚུངས།

ཉིན་གཅིག་གི་སློབ་ཁྲིད་ལྟ་གོན་རྣམས་བྱས་ཟིན།

 

ཀ་ཁ་ཡི་བོད་ཡིག

༡་༢ཀྱི་ཨང་རྩིས།

ཡོད་ཚད་ཅི་ཡང་མི་ཤེས་པའི་བླུན་རྨོངས་ང་ཚོར།

ཤེས་རིག་གི་འོད་སྣང་ཐོག་མ་འདི་སྦྱིན།

ཉིན་ནས་ཟླ་བ།

ཟླ་ནས་ལོ་བར།

ཁྱེད་ཀྱི་གྲིབ་གཟུགས།

ས་དཀར་གྱི་སྨྱུ་གུ་འདི་དང་འབྲལ་མ་མྱོང་བས།

ཁྱེད་ཀྱི་འོད་སྣང་གིས་བསྐྱངས་ཟིན་པའི་བུ་སློབ།

ཡུལ་ལུང་གང་སར་མེ་ཏོག་བཞིན་བཞད།

 

བཤེས་གཉེན་ལགས།

ཁྱེད་ཀྱི་གནང་བའི་ཤེས་རིག་གི་འོད་སྣང་རེ་རེ།

ད་ཆ་ང་ཚོའི་མཚོ་རྟེན་དུ་གྲུབ་ཡོད་ལ།

ང་ཚོའི་རུས་རྐང་ན་འཐིམ་ཡོད།

དེ་རིང་ཁྱེད་ཀྱི་དུས་ཆེན་རེད།

ངས་ཁྱེད་ཀྱི་སློབ་མ་ཞིག་གི་ངོས་ནས

ཁྱེད་ལ་ཕྱག་གསུམ་འཚལ་བར་འདོད།

 

ཡབ་ཆེན།

ཁྱེད་ཀྱི་བྱམས་བརྩེ་ཡི་བཀའ་སློབ་རེ་རེ།

ད་ཆ་ངའི་ངོམས་བྱེད་ཀྱི་མི་གཤིས་སུ་གྲུབ་ཡོད།

ངའི་སྙིང་རྩ་ན་འཁྱིལ་ཡོད།

དེ་རིང་ཁྱེད་ཀྱི་དུས་ཆེན་རེད།

ངས་ཁྱེད་ཀྱི་བུ་ཕྲུག་ཅིག་གི་ངོས་ནས།

ཁྱེད་ལ་སྨོན་ལམ་ཚིག་གསུམ་འདེབས་པར་འདོད།

 

ཡབ་ཆེན་ལགས། བཤེས་གཉེན།

དེ་རིང་།

ངས་ཁྱེད་ཀྱིས་བསླབ་པའི་ཀ་ཁ་ཡི་གཟུགས་འདི་གཡར་ནས།

བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་བཀའ་དྲིན་འདི་འཚོར་གྱིན།

སེམས་ནང་གི་རི་མོ་དག་འདི་རུ་བཀོད།

 

དེ་རིང་།

ངས་མི་ཡུལ་གྱི་ལམ་ཟུར་དེ་ནས།

ཁྱེད་དེ་ལྟར་ཐད་པར་དྲན་གསོ་བྱེད་ཀྱིན་ཡོད་ལ།

ཁྱེད་དེ་ལྟར་ཐད་པར་སྙིང་ནས་དྲན་གྱིན་ཡོད།

 

དེ་རིང་།

ངས་རྟེན་འབྲེལ་ཡོད་ཚད་ཀ་ཁ་ཡི་སྒྲིག་ཏེ།

ཁྱེད་ལ་དཀར་གཙང་གི་མཇལ་དར་ཚབ་ཏུ་འབུལ་ལ།

ཚེ་ཕྱིར་སླར་ཡང་ཁྱེད་ཀྱི་བུ་སློབ་ཏུ་ཡོང་བའི་སྨོན་ལམ་འདེབས།

 

དེ་རིང་།

ངས་མཆོད་པ་ཡོངས་རྫོགས་དྲིན་ཚོར་གྱིས་བཤམས་ནས།

ཁྱེད་ལ་བཀྲ་ཤིས་གྱི་སྨོན་ལམ་ཚབ་ཏུ་འབུལ་ལ།

ཚེ་ཕྱིར་སླར་ཡང་ཁྱེད་ཀྱི་གཅེས་ཕྲུག་ཏུ་སྐྱེ་བའི་སྨོན་ལམ་འདེབས།

 

དེ་རིང་།

ངས་འཕུལ་རྒྱུ་དེ་ཙམ་ལས་མེད་ལ།

ངས་འཕུལ་ཐུབ་པ་ཡང་འདི་ཙམ་ལས་མེད་པས།

བདེ་ལྡན་གྱི་གནས་མཆོག་དེ་ནས།

ཁྱེད་ལ་དུས་ཆེན་གྱི་ཕྱག་རྟགས་ཚུལ་དུ་བཞེས་རོགས།


  • ལེ་ཚན་སྔོན་མ།:དྲན་གདུང་ངག་གི་རོལ་དབྱངས།
  • ལེ་ཚན་རྗེས་མ།:ནག་པོ།