འཇིག་རྟེན་ལ་བདེན་འཛིན་མེད།

པད་མ་སངས་རྒྱས།        2017-10-16

མཁའ་དབྱིངས་སྔོན་པོ་ཡངས་ཤིང་རྒྱས།།

ཁྲི་གདུགས་ཉི་མའི་འཛུམ་མདངས་བཀྲ།།

དུང་མདོག་ཟླ་བའི་ཞལ་རས་དཀར།།

སྤྲིན་དང་དགྲ་གཅན་ཁྲོས་པས་བསྒྲིབས།།

ཧི་མ་ལ་ཡ་བརྗིད་ཅིང་མཐོ།།

མ་ཕམ་གཡུ་མཚོ་འཁྱིལ་ཞིང་མཛེས།།

ནེའུ་གསེང་གཡུ་ལོ་ཕྱུག་ན་ཡང་།།

དུས་ཀྱི་བསྐལ་བས་འཇིག་པའི་རྒྱུ།།

གནག་ཕྱུགས་འབྲི་མོས་ངུར་སྒྲ་སྒྲོགས།།

གཡང་དཀར་ལུག་གི་འབའ་སྒྲ་དང་།།

མདོ་བ་རྟ་ཡི་རྨིག་སྒྲ་སོགས།།

སྟག་སེང་སྤྱང་ཀིས་གཞོམ་པར་བྱེད།།

སེར་ཆེན་མེ་ཏོག་ཆོས་གོས་བཞིན།།

དཀར་ཆེན་མེ་ཏོག་ཟླ་བ་ཉིད།།

ཨུཏྤལ་སྔོན་མོ་གཡུ་ལྗང་ཅན།།

སད་དང་སེར་བས་བཅོམ་པར་བྱེད།།

རྒྱུ་ནོག་དཔོན་པོའི་ཐོབ་ཐང་ངམ།།

སྨན་ཆུང་བུ་མོའི་སྒེག་ཉམས་དང་།།

སྟག་ཤར་གཞོན་ནུའི་དཔའ་རྩལ་རྣམས།།

གཤིན་རྗེའི་ཞགས་པས་འཛིན་ལུགས་གཅིག།

མི་ཉིད་འཁོར་བར་མགོ་འཁོར་ནས།།

སེམས་ཅན་སྡིག་པའི་ལག་ཆ་བྱེད།།

ཕྱེ་ལེབ་མེ་འོབས་མཆོང་བ་བཞིན།།

འཇིག་རྟེན་སྙིང་བོ་འདི་འདྲ་རེད།།

ཡོད་ཚད་ཡོད་ཚད་ཐམས་ཅད་དེ།།

མི་རྟག་འཆི་བའི་རང་བཞིན་ལ།།

བདག་འཛིན་དམ་པོས་བཅངས་བ་འདི།།

འཇིག་རྟེན་བདེན་མེད་ཁོ་ན་འོ།།


  • ལེ་ཚན་སྔོན་མ།:ཉི་གཞོན་ལ་དགའ་བའི་དབྱངས།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་སྟོན་ཟླ།