ཉི་གཞོན་ལ་དགའ་བའི་དབྱངས།

རྟོགས་ལྡན་བསྟར་གོ།        2017-10-10

དུས་རབས་གསར་པའི་སྐྱ་རེངས་མཛའ་མོའི་དགའ་འཛུམ་སྟོང་གིས་མདུན་བསུས་ཤིང་།

ཇུས་བཟང་གསར་བ་སྤྲིན་དཀར་ཕོན་པོའི་སྟངས་སྟབས་འབུམ་གྱིས་སྣེ་དྲངས་པས།

གངས་ལྗོངས་གསར་པའི་འགྲོ་ལ་སྨན་མཛད་འཕྲིན་ལས་བྱེ་བའི་གཟི་འོད་ཅན།

སྣང་བྱེད་གསར་པའི་བརྩེ་ལྡན་གཞོན་ནུ་སྲིད་པའི་མཁའ་རུ་ལྷམ་མེར་བཞད།

དེའི་ཚེ་ས་གཞིའི་འཁྱག་རོམ་ཉེར་དྲོས་སྔོན་མེད་མྱུ་གུ་གསར་པའི་རིགས།

ཡངས་པའི་ཐང་དང་མཐོན་པོའི་རི་ཡིས་སྔོ་ལྗང་གོས་བཟང་ལུས་ལ་གྱོ ན།

དལ་འགྲོ་མ་རྣམས་ལྷུང་ལྷུང་དབྱངས་ཀྱིས་ཕྱོགས་ཀུན་རྒྱུ་ལ་རང་དབང་ཐོབ།

ཚང་ཚིང་སྟུག་པོར་གསོན་མདངས་རྒྱས་ཤིང་དེ་ལ་གནས་པའི་འདབ་ལྡན་དག

ཕན་ཚུན་གདངས་སྙན་འགྲན་པ་ཇི་བཞིན་ཁྱོད་ལ་རབ་དགའི་གཤོག་འགྱུར་ངོམ།

ཁྲ་ཆིལ་མེ་ཏོག་གང་སར་འཛུམ་ཞིང་དེ་ལ་འཁོར་བའི་རྐང་དྲུག་ཁྱུས།

རི་ལ་འདུག་པ་རི་སྐྱེས་མ་བུས་ཁྱོད་ལ་དུངས་པའི་བདེ་རྩལ་ངོམ།

ནགས་ལ་བརྟེན་པ་སྤྲ་དང་སྤྲེའུས་ཁྱོད་ལ་བརྩེ་བའི་ཡང་རྩལ་ངོམ།

ཆུ་ལ་འཚོ་བ་གསེར་མིག་ཅན་དེས་ཁྱོད་ལ་མོས་པའི་འཁྱུག་རྩལ་ངོམ།

གངས་ལ་འཆའ་བ་སེང་དཀར་རྒོད་པོས་ཁྱོད་ལ་སྤྲོ་བའི་དྲུག་རྩལ་ངོམ།

རྫི་བོ་དར་མས་ཁྱོད་ཉིད་མཐོང་ཚེ་རྟོགས་སད་གཞས་ཆུང་དབྱངས་སུ་འཐེན།

ཞིང་ཁའི་བུ་མོས་ཁྱོད་ཉིད་མཐོང་ཚེ་མདུན་སྐྱོད་འཛུམ་པ་ཅི་ཡང་སྟོན།

ཚོང་འགྲུལ་པ་ཡིས་ཁྱོད་ཉིད་མཐོང་ཚེ་ཕྱུག་འགྱུར་ལམ་བཟང་ཚེགས་མེད་རྙེད།

དབང་རྣོན་བཟོ་བོས་ཁྱོད་ཉིད་མཐོང་ཚེ་བཟོ་རྩལ་མ་ལུས་ཁོང་དུ་ཆུད།

དེ་ལྟ་ན་ཡང་སྨག་ལ་སྲེད་པའི་འབྱུང་བྱའི་ཚོགས་དང་སྡིག་སྡོམ་དང་།

བྱི་བ་རྔ་རིང་འབུ་ནག་བསེ་བོ་མ་རུངས་སྲོག་ཆགས་དེ་དག་གིས།

ཁྱོད་ལ་གནག་པའི་སྟོང་སྐད་སྒྲོག་བཞིན་རུལ་སུངས་དྲི་མས་ཡོངས་གཙེས་ཀྱང་།

ནམ་ཡང་གོས་མིན་ཉིད་ཀྱི་གཟི་ལ་རྒོལ་བའི་གོ་སྐབས་ཡོད་མ་ཡིན།

གང་གི་ངོ་མཚར་ཀུན་ལ་ལྟ་འདོད་ཚན་རིག་ལག་རྩལ་མཁས་རྣམས་ནི།

ཉིད་ཀྱི་པང་དུ་སྐྱོད་པར་རེ་བའི་སྨོན་འདུན་སྟེགས་བུ་ཡངས་པོ་ནས།

སོ་སོའི་རྣམ་རིག་འཕྲུལ་བཟང་དུ་མས་རྟོག་ཅིང་དཔྱོད་པ་དུས་ཀྱི་ཆར།

བྱམས་བརྩེས་འཁྱུད་པའི་འཁོར་འགྲོས་ཙམ་ལའང་བསྔགས་བརྗོད་མེ་ཏོག་ཡང་ཡང་འཐོར།

ཁྱོད་ནི་འཛམ་གླིང་སྤྱི་ཡི་མགོན་གཅིག་མི་རབས་གསར་བའི་མིག་ཟུང་སྟེ།

སྲིད་པའི་ཁམས་འདིའི་ལྐོག་གྱུར་མ་ལུས་ལྷན་ནེར་སྟོན་པའི་མཐུ་ཐོབ་ཅིང་།

ས་སྟེང་སྐྱིད་པའི་བདེ་བ་ཆེན་པོར་མགོ་བོ་རྨོངས་པའི་བྱིས་པ་ཚོར།

མུན་སེལ་འོད་སྣང་དགའ་བས་ལོངས་ཞེས་གྲངས་མེད་ཟེར་གྱི་ཕྱག་བརྡ་བཏང་།

དེ་ལ་མི་དགའི་རྣམ་འགྱུར་འཛིན་པ་སྐར་ཚོགས་འགའ་ཞིག་རབ་ཁྲོས་ཏེ།

རང་ནུས་ཅི་ཡོད་ཤུགས་ཀྱིས་བཏོན་ཀྱང་མེ་འཁྱེར་སྲིན་བུའི་ཟླར་གྱུར་པས།

གླགས་འཚོལ་མ་རྙེད་གོམ་སྟབས་སྐྱེན་པོས་མི་མངོན་དབྱིངས་སུ་བྲོས་པའི་རྟིང་།

སྐྱ་རེངས་ལྷ་མོ་ཁོང་ནས་དགོད་བཞིན་རྒྱལ་ཁའི་འཛུམ་གྱིས་ཁྱོད་ཉིད་བསུས།

སྒྲུང་གཏམ་ངག་རིག་སྙིང་བོར་སྨིན་པ་སྲིད་པའི་སྒྲོན་མེ་གསེར་མདངས་ཅན།

མུན་པའི་དྲི་བྲལ་ཁྱོད་ཀྱི་འཁོར་སྐྱོད་འཇིག་རྟེན་གསར་བའི་བགྲོད་ལམ་སྟེ།

དྲོད་ཁོལ་སྙོམས་པའི་འོད་སྣང་རེ་རེ་སྐྱེ་དངོས་གསོ་བའི་མ་མ་ཉིད།

མཐུན་སྒྲིལ་མཚོན་ལ་ཟླུམ་པོའི་རང་གཟུགས་གཡུང་དྲུང་གཤིས་སུ་བརྟན་པར་སྨོན།


  • ལེ་ཚན་སྔོན་མ།:སེམས་ཀྱི་གཞོན་ནུ།__ཁོར་ཡུག་གཙང་སྒྲ་པ་ཞིག་ལ།
  • ལེ་ཚན་རྗེས་མ།:འཇིག་རྟེན་ལ་བདེན་འཛིན་མེད།