སེམས་ཀྱི་གཞོན་ནུ།__ཁོར་ཡུག་གཙང་སྒྲ་པ་ཞིག་ལ།

སྒྲོལ་མ་སྐྱབས།        2017-10-10

ཁ་སང་།

ངས་ཁྱེད་རང་ཐོག་མར་མཐོང་དུས།

ཁྱེད་ནི་ཅི་ཡང་མེད་པའི་སྤྲང་པོ་ཞིག་ཏུ་སྙམ།

དེ་རིང་།

ངས་ཁྱེད་ཡང་བསྐྱར་མཐོང་དུས།

ཁྱེད་ནི་རྣམ་དག་གི་སེམས་པས་ཕྱུག་པའི་འབྱོར་ལྡན་གྱི་གཞོན་ནུ་ཞིག

བཙག་རླུང་དང་ཚ་གདུང་གི་ཁྲོད་ན།

ཁྱེད་ཀྱིས་འུ་ཐུག་པའི་ལས་དབང་འདིར་འཁང་ར་མི་བྱེད་པར།

དུས་ནམ་ཡང་དགའ་སྤྲོའི་འཛུམ་བག་དང་ལྷན་དུ།

གཞན་ཕན་གྱི་ལས་སུ་བྲེལ།སེམས་ཀྱི་གཞོན་ནུ་དམ་པ།

དུང་ལས་དཀར་བའི་གངས་རི་དེ།

ཁྱེད་ཀྱི་ཡ་ཆུང་གི་ལྷག་བསམ་རེད།

མཁའ་ལྟར་ཡངས་པའི་རྩྭ་ཐང་དེ།

ཁྱེད་ཀྱི་མཁྱེན་དཔྱོད་དང་སེམས་རྒྱ་རེད།

ཁྱེད་ལ་ང་ཚོ་ལས་ལྷག་པའི་བརྩོན་འགྲུས་ལྡན་ལ།

ཁྱེད་ལ་ང་ཚོ་ལས་བརྒལ་བའི་བརྩེ་སེམས་ལྡན།

ཁྱེད་ནི་ཅི་ཡང་མེད་པའི་སྤྲང་པོ་ཞིག་གཏན་ནས་མ་ཡིན།

ལེ་ལོ་ལས་རྒྱལ་ཏེ་སྤོབས་སེམས་དང་ལྡན་པ་ནི་ཁྱེད་རང་ཡིན།

ང་རྒྱལ་ལས་རྒྱལ་ཏེ་ཁེངས་སྐྱུང་དང་ལྡན་པ་ནི་ཁྱེད་རང་ཡིན།

ཁྱེད་ནི་རང་ཉིད་ལས་རྒྱལ་ཏེ་ཡོད་ཚད་ཐོབ་མཁན་དེ་ཅིས་མ་ཡིན།

ཁྱེད་ཀྱི་སྙིང་སྟོབས་ཀྱི་རྡོ་རིང་བརྟན་པོས་གྲུབ་འབྲས་ཀྱི་ཕོ་བྲང་བརྩིགས་ཡོད་ལ།

ཡར་སྐུལ་གྱི་སྤྱོད་པ་གཙང་མས་སྐྱེས་བུ་ཚོའི་ཡིད་དབང་འཕྲོག་སོང་།

རྣམ་དག་གི་ཞབས་ཞུ་བཟང་པོས་ང་ཚོ་ལ་བདེ་སྐྱིད་བསྐྲུན་བྱུང་།

དེ་བས་ཁྱེད་ནི་ཡིད་ཆེས་དང་ལྷག་བསམ་གྱི་བདག་པོ་ཡིན།

  • ལེ་ཚན་སྔོན་མ།:སྟོན་གྱི་ལྷ་མོ་དག་ཞིང་ཡུལ་དུ་བྱོན།
  • ལེ་ཚན་རྗེས་མ།:ཉི་གཞོན་ལ་དགའ་བའི་དབྱངས།