ཕ་ཡུལ་གྱི་སྟོན་ཟླ།

ཁ་བ་རྐང་གླིང་།        2017-10-16

སྐྱེ་བ་ནས་འཇིག་རྟེན་ལ་གྱེས་ཕྱག་མ་ཕུལ་བར། 

ཡུལ་མི་ཚོས་ལུས་ངག་ཡིད་གསུམ་ལོ་ཏོག་གི་ཆེད་དུ་སྟིམ་བཞིན།

ལོ་ཏོག་གི་ཆེད་དུ་འཚོ་བ་དང་འདྲ། 

སུ་ཞིག་དང་འབྲེལ་བ་གཏན་ནས་མེད་པའི་མཐོ་གཞོངས། 

མཐོ་སྒང་གི་ཡུལ་གང་སར་སེར་འོད་ལམ་ལམ་གྱི་

འོད་ཐིགས་ཀྱིས་ཁེངས་ནས། 

འོད་ཟེར་དག་སྙེ་མགོ་རུ་བབས་ཏེ། 

སླར་ཡང་སེར་འོད་དག་ནམ་མཁའ་རུ་སྤུར་སོང་། 

བདག་གི་གཅེས་པར་འོས་པའི་སྙེ་མ། 

མགོ་བོ་དུད་ནས་སུ་ཞིག་ལ་དྲིན་ལན་གྱིས་གུས་

ཕྱག་བྱེད་པ་དང་མཚུངས། 

འོ། 

རང་གིས་བདག་པོར་བཀའ་དྲིན་གྱིས་གུས་ཕྱག་

མཐའ་མ་དེ་ཕུལ་པ་འདྲ།

སེར་ཀས་གང་བཞིན་སྔོ་དྲེག་གི་ཕྱག་ལས་འཁྲུངས་པའི་ལོ་ཏོག 

གསེར་ཏོག་གིས་རྒྱན་བཞིན་འབྲས་བུ་ངོམ་པའི་ཞིང་རྣང་སྙེ་མ། 

ཡུལ་མི་ཚོའི་ངལ་དུབ་དང་དགའ་སྤྲོ་འདྲེས་པའི་

ངང་ལྷོག་ལྷོག་ཏུ་བརྔས་སོང་། 

ཡུལ་མི་ཚོའི་བསིལ་གླུང་གདངས་ལ་བཀུགས་ནས་བརྔས་སོང་། 

མཐའ་འཇུག་གི་ཞིང་རྣང་སོག་མ། 

གཡང་དཀར་ལུ་གུའི་འབའ་སྒྲའི་ཁྲོད་ནས་ཡལ་སོང་། 

ཁྱུང་དཀར་མཛོ་ཡི་ངུར་སྒྲའི་ཁྲོད་ནས་ཕུར་སོང་། 

འདི་ནི་ཕ་ཡུལ་གྱི་སྟོན་ཟླ་རེད། 

འདི་ནི་ཕ་ཡུལ་ལ་སྐུར་བའི་བརྩེ་འཕྲིན་རེད། 

འདི་ནི་འཁྱམས་པོ་ཞིག་གི་ངག་གླུའོ།།


  • ལེ་ཚན་སྔོན་མ།:འཇིག་རྟེན་ལ་བདེན་འཛིན་མེད།
  • ལེ་ཚན་རྗེས་མ།:ཕ་ཡུལ་དུ་ལུས་པའི་མིག་ཆུ།