རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིག(8)

        2010-08-27


     སྤྱི་བདེ་སྡེ་ཁག་གིས་དུས་ལྟར་རྩྭ་ཐང་མེ་སྐྱོན་གྱི་གྱོད་གཞི་ཞིབ་གཅོད་བྱས་ཏེ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས།
    དོན་ཚན་སོ་གཅིག་པ། རྩྭ་ཐང་མེ་སྐྱོན་གསོད་སྐབས་ངེས་པར་དུ་ཆེད་ལས་མེ་གསོད་རུ་ཁག་དང་ཆེད་དུ་སྦྱོང་བརྡར་བྱས་ཡོད་པའི་མང་ཚོགས་མེ་གསོད་རུ་ཁག་རྩ་འཛུགས་དང་སྐུལ་སློང་བྱེད་དགོས་པ་དང་། མེ་གསོད་བཀའ་རྒྱ་འབྱོར་བའི་སྡེ་ཚན་དང་མི་སྒེར་གང་ཞིག་ཡིན་རུང་ངེས་པར་དུ་གང་མྱུར་གྱིས་དམིགས་བཙུགས་ས་ཁུལ་དུ་སོང་ནས་མེ་གསོད་བྱ་བའི་ནང་ཞུགས་དགོས།
     རྩྭ་ཐང་མེ་སྐྱོན་གསོད་པའི་བྱ་བར་དབང་བོ་སྐྱོན་ཅན་དང་སྦྲུམ་མ། ལོ་ན་མ་སོན་པའི་མི། རྒན་པ་བཅས་ཞུགས་པར་སྐུལ་སློང་བྱེད་མི་ཆོག
     ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་རྩྭ་ཐང་མེ་སྐྱོན་གསོད་པའི་བྱ་བར་ཞུགས་དགོས་ན། 《དམག་དཔུང་ཉེན་ཁ་མྱུར་སྐྱོབ་དང་གནོད་སྐྱོན་སེལ་བར་ཞུགས་པའི་སྲོལ་ཡིག》སྟེང་གི་འབྲེལ་ཡོད་གཏན་ཁེལ་ལྟར་ལག་བསྟར་བྱེད་དགོས།
     དོན་ཚན་སོ་གཉིས་པ། རྩྭ་ཐང་མེ་སྐྱོན་གསོད་པའི་དགོས་མཁོ་ལྟར། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་དངོས་རྫས་དང་འགྲིམ་འགྲུལ་ཡོ་བྱད། འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་བཅས་མྱུར་དུ་གཞུང་བསྡུ་བྱེད་ཆོག་ལ། དགོས་ངེས་ཀྱི་སྐབས་སུ་བཀག་དངོས་མེད་པར་བཟོ་བ་དང་བར་བཅད་བྱེད་ས་འཛུགས་པ་དང་བབ་བསྟུན་ཆུ་ལེན་པ། ས་གནས་ཁ་ཤས་སུ་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བྱེད་པ་སོགས་ཀྱི་བབ་བསྟུན་དོ་དམ་བྱེད་ཐབས་སྤྱད་ཆོག
     རྒུད་སྐྱོབ་ཀྱི་དགོས་མཁོ་ལྟར། སྡེ་ཚན་དང་མི་སྒེར་གྱི་དངོས་རྫས་དང་འགྲིམ་འགྲུལ་ཡོད་བྱད། སྒྲིག་བཀོད་དང་སྒྲིག་ཆས་བཅས་གཞུང་བསྡུ་བྱས་པ་དང་ཡང་ན་དེའི་སྡོད་ཁང་དང་ས་ཞིང་འཛིན་སྤྱོད་བྱེད་དགོས་ན། བྱ་བ་གྲུབ་རྗེས་དུས་ལྟར་ཕྱིར་སྤྲོད་དགོས་པ་མ་ཟད། བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་སྐྱིན་ཚབ་སྟེར་དགོས།
     དོན་ཚན་སོ་གསུམ་པ། རྩྭ་ཐང་མེ་སྐྱོན་ཚབས་ཆེན་དང་ཡང་ན་ཧ་ཅང་ཚབས་ཆེན་བྱུང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་མི་སྣ་མྱུར་དུ་མེ་སྐྱོན་བྱུང་སར་འགྲོ་བར་མངགས་ནས། མེ་སྐྱོན་གསོད་པར་རྩ་འཛུགས་དང་མཐུན་སྦྱོར། ལྟ་སྐུལ་མཛུབ་སྟོན་བཅས་བྱེད་དགོས་པ་མ་ཟད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་བའི་རྩྭ་ཐང་མེ་སྐྱོན་འགོག་པའི་དངོས་རྫས་འཐེན་སྤྱོད་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས།
    ནགས་ཁུལ་གྱི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པའི་རྩྭ་ཐང་མེ་སྐྱོན་བྱུང་ན། འབྲེལ་ཡོད་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་དུས་ལྟར་འབྲེལ་ཡོད་ནགས་ལས་གཙོ་གཉེར་སྡེ་ཁག་ལ་བརྡ་སྦྱོར་གཏོང་དགོས།
     མངའ་ཁོངས་ཕྱིའི་རྩྭ་ཐང་མེ་སྐྱོན་གྱིས་རང་རྒྱལ་གྱི་རྩྭ་ཐང་བདེ་འཇགས་ལ་འཇིགས་སྐུལ་བཏང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་དེ་མ་ཐག་ཏུ་མི་སྣ་འབྲེལ་ཡོད་མེ་སྐྱོན་བྱུང་སེར་འགྲོ་བར་མངགས་ནས། མེ་སྐྱོན་སྔོན་འགོག་བྱེད་པར་རྩ་འཛུགས་དང་མཐུན་སྦྱོར། ལྟ་སྐུལ་མཛུབ་སྟོན་བཅས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནས་ཚུལ་རྣམས་དུས་ཐོག་ཏུ་ཕྱི་འབྲེལ་པུའུ་ལ་བརྡ་སྦྱོར་གཏོང་དགོས།
    དོན་ཚན་སོ་བཞི་བ། རྒྱལ་ཁབ་ཀྱིས་རྩྭ་ཐང་མེ་སྐྱོན་ཆ་འཕྲིན་གཅིག་གྱུར་སྒོས་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། མེ་སྐྱོན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་དང་ཡང་ན་རང་རྒྱལ་གྱི་རྩྭ་ཐང་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པའི་མངའ་ཁོངས་ཕྱིའི་རྩྭ་ཐང་མེ་སྐྱོན་གྱི་ཆ་འཕྲིན་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཁྱབ་བསྒྲགས་བྱེད་དགོས་པ་དང་། རྩྭ་ཐང་མེ་སྐྱོན་གཞན་པའི་ཆ་འཕྲིན་རྣམས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཁྱབ་བསྒྲགས་བྱེད་དགོས།
  • ལེ་ཚན་སྔོན་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས།
  • ལེ་ཚན་རྗེས་མ།:རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིག
  • དོ་སྣང་ཆེ་བའི་རྩོམ།