དོན་ཚན་བཅུ་དྲུག་པ། རྩྭ་ཐང་མེ་སྐྱོན་སྐོར་གྱི་བབ་བསྟུན་ཐག་གཅོད་འཆར་གཞི་ལ་གཤམ་གྱི་ནང་དོན་གཙོ་བོ་འདུས་དགོས་པ་སྟེ།
(གཅིག)རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་རྩ་འཛུགས་ལས་ཁུངས་དང་དེའི་འགན་འཁྲི།
(གཉིས)རྩྭ་ཐང་མེ་སྐྱོན་གྱི་སྔོན་བརྡ་དང་སྔོན་འགོག་ནང་རྐྱེན།
(གསུམ)རྩྭ་ཐང་མེ་སྐྱོན་སྐོར་གྱི་སྙན་ཞུ་བརྒྱུད་རིམ།
(བཞི)རིམ་པ་མི་འདྲ་བའི་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་བྱེད་ཐབས།
(ལྔ)རྩྭ་ཐང་མེ་སྐྱོན་གསོད་པ་དང་མི་དང་རྒྱུ་དངོས་སྐྱོབ་པར་མཁོ་བའི་དངོས་ཟོང་དང་མ་དངུལ། དཔུང་སྡེ་བཅས་ཀྱི་བབ་བསྟུན་འགན་སྲུང་།
(དྲུག)མི་སྣ་དང་རྒྱུ་ནོར་ཕྱིར་འཐེན་དང་སྨན་བཅོས་རོགས་སྐྱོབ། ནད་གཞི་ཚོད་འཛིན་སོགས་བབ་བསྟུན་ཐག་གཅོད་འཆར་གཞི།
གནོད་སྐྱོན་ཐེབས་པའི་རྩྭ་ཐང་གི་རྒྱ་ཁྱོན་དང་རྨས་སྐྱོན་དང་ཤི་རྨས་བྱུང་བའི་མི་གྲངས། གནོད་ཐེབས་ཕྱུགས་གྲངས་དང་དེ་མིན་མཁར་གྲོང་སྡོད་དམངས་ཀྱི་སྡོད་གནས། སྒྲིག་བཀོད་གལ་ཆེན། གནའ་ཤུལ་གྲགས་ཅན། རང་བྱུང་སྲུང་སྐྱོང་ཁུལ་བཅས་ལ་འཇིགས་སྐུལ་ཐེབས་པའི་ཚད་ལྟར། རྩྭ་ཐང་མེ་སྐྱོན་དེ་ཆེས་ཆེ་བ་དང་ཆེ་བ། ཅུང་ཆེ་བ། སྤྱིར་བཏང་བ་བཅས་རིམ་པ་བཞི་རུ་དབྱེ་དགོས། བྱེ་བྲག་གི་དབྱེ་བགོ་ཚད་གཞི་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་བྱེད་རྒྱུ།
དོན་ཚན་བཅུ་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྩྭ་ཐང་ལ་མེ་སྐྱོན་འབྱུང་བའི་ཆོས་ཉིད་ལྟར་རང་སྲིད་གཞུང་གིས་རྩྭ་ཐང་མེ་འགོག་དུས་ཡུན་གཏན་ཁེལ་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་། ཐོན་སྐྱེད་ཀྱི་བྱ་འགུལ་སྤེལ་བའི་དབང་གིས་དགོས་མཁོའི་ཆེད་དུ་རྩྭ་ཐང་དུ་མེ་བཀོལ་སྤྱོད་བྱེད་དགོས་ན། ངེས་པར་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་འགོད་དགོས། མེ་བཀོལ་ལས་ཁུངས་དང་ཡང་ན་མི་སྒེར་གྱིས་ངེས་པར་དུ་མེ་འགོག་བྱེད་ཐབས་སྤྱད་དེ། མེ་སྐྱོན་མི་འབྱུང་བ་བྱེད་དགོས།
རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་། འཚོ་བའི་དབང་གིས་རྩྭ་ཐང་སྟེང་མེ་བཀོལ་སྤྱོད་བྱེད་དགོས་ན། ངེས་པར་དུ་བདེ་འཇགས་ཀྱི་ས་གནས་གདམ་གསེས་བྱེད་པ་དང་། མེ་འགོག་བྱེད་ཐབས་སྤྱད་དེ། མེ་བཀོལ་སྤྱོད་བྱས་རྗེས་མེ་ཤུལ་གསོད་ཡག་བྱེད་དགོས།
དོན་ཚན་འདིའི་ཁོད་ཚན་དང་པོ་དང་གཉིས་པ་ལས་གཏན་ཁེལ་བྱས་པ་ལས་གཞན། རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་རྩྭ་ཐང་སྟེང་མེ་བཀོལ་སྤྱོད་བྱེད་མི་ཆོག
དོན་ཚན་བཅུ་དགུ་བ། རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་རྩྭ་ཐང་སྟེང་མེ་མདའ་བཀོལ་ཏེ་རི་དྭགས་རྔོན་མི་ཆོག
རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་། རྩྭ་ཐང་སྟེང་གས་གཏོར་བྱེད་པ་དང་བརྟག་ཞིབ་བྱེད་པ། ཨར་ལས་བྱེད་པ་སོགས་བྱ་འགུལ་སྤེལ་ན། ངེས་པར་དུ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་འགོད་པ་མ་ཟད། མེ་འགོག་བྱེད་ཐབས་སྤྱད་དེ་མེ་སྐྱོན་མི་འབྱུང་བ་བྱེད་དགོས།