དོན་ཚན་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཁུལ་དང་རྩྭ་ཐང་མེ་འགོག་བྱ་བའི་དགོས་མཁོ་དངོས་ལ་གཞིགས་ནས། རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་འགོག་ཐད་ཀྱི་འཆར་གཞི་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་གནང་བའི་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་བཀོད་རྗེས་རྩ་འཛུགས་ལག་བསྟར་བྱེད་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་འགོག་འཆར་འགོད་ལྟར། རང་ས་གནས་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། རང་སྲིད་འཛིན་མངའ་ཁོངས་ཀྱི་རྩྭ་ཐང་མེ་འགོག་འཆར་གཞི་བཀོད་ནས་རང་རིམ་པའི་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་བཀོད་རྗེས་རྩ་འཛུགས་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རྩྭ་ཐང་མེ་འགོག་སྐོར་གྱི་འཆར་འགོད་ལ་གཤམ་གྱི་ནང་དོན་གཙོ་བོ་འདུས་དགོས་པ་སྟེ།
(གཅིག)རྩྭ་ཐང་མེ་འགོག་སྐོར་གྱི་འཆར་འགོད་གཏན་ཁེལ་བྱས་པའི་གཞི་འཛིན་ས།
(གཉིས)རྩྭ་ཐང་མེ་འགོག་སྐོར་གྱི་རྩ་འཛུགས་མ་ལག་འཛུགས་སྐྲུན།
(གསུམ)རྩྭ་ཐང་མེ་འགོག་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་འཛུགས་སྐྲུན།
(བཞི)རྩྭ་ཐང་མེ་འགོག་སྐོར་གྱི་དངོས་ཟོང་གསོག་འཇོག
(ལྔ)འགན་སྲུང་བྱེད་ཐབས།
དོན་ཚན་བཅུ་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་རྩ་འཛུགས་བྱས་ཏེ། རྩྭ་ཐང་མེ་འགོག་སྐོར་གྱི་འཆར་འགོད་ལྟར། རྩྭ་ཐང་གི་མེ་སྐྱོན་གནས་ཚུལ་ལ་རྒྱང་ལྟ་དང་ལྟ་ཞིབ་བྱེད་པའི་སྒྲིག་ཆས་དང་མེ་འགོག་བཀག་དངོས། མེ་འགོག་བགྲོད་ལམ། མེ་འགོག་ཐད་ཀྱི་དངོས་ཟོང་གསོག་འཇོག་མཛོད་ཁང(ས་ཚིགས)སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྩྭ་ཐང་མེ་འགོག་ཐད་ཀྱི་འགྲིམ་འགྲུལ་ཡོ་བྱད་དང་མེ་གསོད་འཕྲུལ་ཆས། ལྟ་ཞིབ་དང་འཕྲིན་སྐྱེལ་རྒྱུ་ཆས་སོགས་སྒྲིག་སྦྱོར་བྱེད་པ། དགོས་ངེས་ཀྱི་མེ་འགོག་དངོས་ཟོང་གསོག་འཇོག་བྱེད་པ་བཅས་བྱས་ནས། རྩྭ་ཐང་མེ་འགོག་ཐད་ཀྱི་བཀོད་འདོམས་དང་ཆ་འཕྲིན་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།
དོན་ཚན་བཅོ་ལྔ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞི་གཏན་ཁེལ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་རྗེས་རྩ་འཛུགས་ལག་བསྟར་བྱེད་པའི་འགན་འཁུར་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རང་སྲིད་འཛིན་མངའ་ཁོངས་ཀྱི་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞི་གཏན་ཁེལ་བྱས་ཏེ། རང་རིམ་པའི་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་རྗེས་རྩ་འཛུགས་ལག་བསྟར་བྱེད་པའི་འགན་འཁུར་དགོས།