ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ(2)
(ཁམས་པའི་ཚགས་པར་ཁང་གིས་བསྒྱུར།) 2010-12-20
མི་ཚང་མར་སློབ་གསོ་ཐེབས་པའི་ལོ་ཚད་དང་མི་གྲངས་ཀྱི་རིག་གནས་བྱང་ཚད་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་བ་དང་།སློབ་གསོ་འཕེལ་རྒྱས་ཡོང་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། དྲང་གཞག་གི་སློབ་གསོ་སྐུལ་འདེད་གཏོང་གང་ཐུབ།ཁྱོན་ཡོངས་ནས་བྱང་ཚད་སློབ་གསོ་ལག་བསྟར་བྱས་ནས་ཚེ་གཅིག་གི་སློབ་གསོ་མ་ལག་འཐུས་ཚང་དུ་གཏོང་བ། ཏན་ཏིག་གིས་ཞགས་སྡོད་ལམ་ལུགས་ཀྱི་སློབ་གསོའི་ལས་ཀ་ཡག་པོ་འཛིན་པ་དང་“སྐད་གཉིས་སློབ་གསོ”ཚད་ལྡན་ཡོང་བར་ཁྱབ་སྤེལ་གཏོང་བ། “གཞི་རྩ་གཉིས་”དང་“ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོའི་”གྲུབ་འབྲས་སྲ་བརྟན་གཏོང་བ་བཅས་བྱེད་དགོས་པ་དང་། མཐོ་རིམ་སློབ་གསོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་སི་ཁྲོན་མི་རིགས་སློང་གྲྭ་ཆེན་མོའི་སློབ་གཉེར་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། རེས་གཉིས་པའི་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་བཅུའི་འཆར་གཞི་དང་། “ལོ་དགུ་ཡི་འོས་འགན་སློབ་གསོ་ཐོག་ལོ་གསུམ་གྱི་ལས་རིགས་སློབ་གསོ་བསྣན་པའི་”རིན་པ་མི་དགོས་པའི་སློབ་གསོ་དང་། ཞིང་སྡེ་དང་འབྲོག་ཁུལ་དུ་རིན་པ་མི་དགོས་པའི་སློབ་གྲྭར་མ་ཞུགས་སྔོན་གྱི་སློབ་གསོ་དང་འོས་འགན་སློབ་གསོའི་དུས་རིམ་མིན་པའི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པའི་འཆར་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཉེ་གཅིག ཚན་རིག་ཡར་ཐོན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་སྤེལ་མངོན་གསལ་དུ་གཏོང་བ་དང་ཚན་རྩལ་གྲུབ་འབྲས་བེད་སྤྱོད་གཏོང་བའི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ་དང་། ཚན་རིག་ལག་རྩལ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྲོང་གསེབ་ཏུ་སྐྱེལ་བ་སོགས་ཀྱི་ཚན་རྩལ་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་བྱེད་སྒོ་ཟབ་ཏུ་སྤེལ་བ་དང་། མཐོ་རིམ་གྱི་ལག་རྩལ་གསར་པ་བེད་སྤྱོད་བྱེད་གང་ཐུབ་བྱས་ནས་ལག་རྩལ་ཡར་ཐོན་བྱུང་ཐོག་འཕེལ་རྒྱས་གཏོང་བར་བྱས་རྗེས་འཇོག་ཚད་མཐོར་འདེགས་གཏོང་དགོས།
ཉེར་གཉིས། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་རིམ་པ་སོ་སོའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། རིགས་སྣ་ཚོགས་ཀྱི་ཤེས་ལྡན་མི་སྣ་ཡོངས་བསྒྲགས་སུ་འདེམས་སྒྲུག་དང་གདན་སྤྱོད། དཔྱད་ཞིབ་སོགས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ཤེས་ལྡན་མི་སྣ་གསར་སྦོལ་དང་བེད་སྤྱོད་ཤུགས་ཆེན་བྱས་ནས་ཕུལ་བྱུང་གི་ཤེས་ལྡན་མི་སྣའི་ནུས་རྩལ་ཀུན་འདོན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
དྲུག་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།རིག་གནས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་ཤུགས་ཆེན་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་གྱི་རིག་གནས་མདུན་སྐྱོད་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རིག་གནས་ཀྱིས་སྤྱི་ཚོགས་ལ་སྣེ་ཁྲིད་དང་མི་དམངས་ལ་སློབ་གསོ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ཉེར་གསུམ། སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་དང་བྱང་ཚད་མཐོར་འདེགས་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱིས་རྨང་གཞི་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་འཕེལ་རྒྱས་དང་སྲ་བརྟན་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་པའི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་དང་། “ཁ་བྲལ་ཐབས་མེད་པ་གསུམ”དང་“ལྟ་བ་བཞི”།“དཔྱད་པ་གཉིས”བཅས་ཀྱི་སློབ་གསོའི་ལས་ཀ་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡོང་བར་ཤུགས་སྣོན་དང་།མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་།མི་རིགས་ཀྱི་གོང་བུ་སྒྲིལ་བ་ཤུགས་ཤུགས་སྣོན་བཅས་བྱས་ནས་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཐུབ་པ་དང་། 《སྤྱི་དམངས་ཀྱི་ཀུན་སྤྱོད་ལག་བསྟར་གྱི་རྩ་དོན》ལག་བསྟར་གཏིང་ཟབ་དང་། “རྒྱལ་གཅེས་ཁྲིམས་སྲུང་དང་། ཁ་དན་ཚིག་གནས། མཐུན་སྒྲིག་འཆམ་མཐུན། བརྩོན་བསྲིས་ལྷུར་ལེན། ལས་བཀུར་འབུལ་བ། ”སོགས་ཀྱི་རྩ་བའི་ཀུན་སྤྱོད་ཀྱི་ཚད་གཞི་དར་སྤེལ་གཏོང་བ་བཅས་བྱེད་དགོས།
ཉེར་བཞི། རིག་གནས་བྱ་གཞག་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་དགོས། སྤྱི་པའི་རིག་གནས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། རིག་གནས་ཀྱི་དམངས་ཕན་ལས་གྲྭ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་སྤྱི་པའི་ཐོན་རྫས་དང་ཞབས་ཞུ་བྱེད་ནུས་མཐོར་འདེགས་བཏང་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས། རིག་གནས་དང་རྒྱང་བསྒྲགས་བཪྙན་འཕྲིན་གཙོ་བོ་བྱས་ནས་ཁུལ་དང་རྫོང་། ཤང་(གྲོང་རྡལ་)གྲོང་ཚོ་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་དགོས། “ཞིང་འབྲོག་ས་ཁུལ་དུ་གློག་བཪྙན་གཏོང་བའི་ལས་གྲྭ”དང་རིག་གནས་ཆ་འཕྲིན་ཐུན་མོང་དུ་བེད་སྤྱོད་བྱེད་པའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་དགོས་པ་དང་།“མང་ཚོགས་སྒྱུ་རྩལ་ཁང་དང་རིག་གནས་ཁང་།རིག་གནས་དངོས་རྫས་ཁང”དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚུགས། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་སྤེལ་ཁང་། ཞིང་སྡེའི་དཔེ་ཀློག་ཁང་། ལོ་ཆུང་དང་ན་གཞོན་གྱི་བྱེད་སྒོ་སྤེལ་ཡུལ་སོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྱོན་ཡོངས་ནས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས།
ཉེར་ལྔ། རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། མི་རིགས་ཀྱི་རིག་གནས་ཐོན་ཁུངས་འབེལ་པོར་བརྟེན་པ་དང་། “བྲོ་གཞས་རིག་གནས།”དང་“ཇ་འདྲེན་བརྡལ་ལམ་གྱི་རིག་གནས”།“གེ་སར་རིག་གནས”།“མཛའ་གླུའི་རིག་གནས”བཅས་གཙོ་བོ་བྱས་པ་དང་།རིག་གནས་ཀྱི་རྣམ་གྲངས་གཙོ་བོར་གཞི་འཛིན་ས་བྱས་ནས་ཤར་ཕྱོགས་ཀྱི་སྣ་མང་ཅན་གྱི་རིག་གནས་ཀྱི་ཐོན་ལས་ས་ཁུལ་དང་། བྱང་ཕྱོགས་གེ་སར་རིག་གནས་ཀྱི་ཐོན་ལས་ས་ཁུལ། ལྷོ་ཕྱོགས་ཤམ་བྷ་ལའི་རིག་གནས་ཐོན་ལས་ས་ཁུལ་བཅས་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས།
ཉེར་དྲུག རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུད་འཛིན་བྱས་ནས་དངོས་པོ་མིན་པའི་རིག་གནས་ཤུལ་དངོས་ཀྱི་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྦོལ་དང་བེད་སྤྱོད་བྱེད་དགོས་པ་དང་། ཡང་དག་པའི་རིག་གནས་ཀྱི་ཁྲིད་སྟོན་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་མི་རིགས་རིགས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་དོན་སྙིང་མཚོན་པའི་སྤུས་དག་གི་རྩོམ་རིགས་ལ་རྒྱབ་སྐྱོར་བྱེད་གང་ཐུབ་བྱེད་དགོས། ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་རིག་གནས་བརྗེ་ལེན་བྱེད་ཤུགས་ཆེ་རུ་བྱེད་པ་དང་།མི་རིགས་རིག་གནས་ཀྱི་འགྲན་བརྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཇེ་ཆེར་གཏོང་དགོས། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་བརྩི་འཇོག་དང་སྲུང་སྐྱོང་། བེད་སྤྱོད་བཅས་བྱེད་པ་དང་།ལོ་རྒྱུས་གསལ་ཐོ་དང་ས་གནས་ཀྱི་རྒྱས་བཤད་འགོད་རྒྱུའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བཅས་བྱེད་དགོས།
བདུན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་དགོས།