ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ངོ་སྤྲོད་མདོར་བསྡུས།

        2021-04-15

2017ལོའི་ཟླ་བ10པའི་ཚེས18ནས24ཉིན་བར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པར་འཐུས་མི2280ཞུགས་དགོས་པ་དང་། ཆེད་མངགས་གདན་ཞུས་འཐུས་མི74ཡོད་ཅིང་། ཁྱོན་འཐུས་མི2354ཡོད་པ་དེས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི8900ལྷག་གི་ཚབ་བྱས་ཡོད།

   ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་ཞུས་ནས་ཚོགས་ཆེན་ཐོག《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བླང་དགོས》ཞེས་མགོ་བརྗོད་དུ་འཁོད་པའི་སྙན་སྒྲོན་གནང་བ་རེད། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་བརྩོན་ལེན་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་དེ་རེད།

   ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་པ་དང་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་ཡོད། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་ཀུན་དང་གསར་གཏོད་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་ཞིང་། ལོ་ལྔའི་རིང་གི་བཅོས་ནི་བསྒྱུར་གཏིང་ཟབ་ཅིང་རྩ་བའི་རང་བཞིན་ལྡན་པ་ཞིག་ཡིན།

   ཚོགས་ཆེན་ཐོག་དུས་རབས་གསར་པའི་ཏང་ལེགས་སྐྱོང་བྱ་རྒྱུའི་སྤྱིའི་བླང་བྱ་ནི། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་ཤིང་ཤུགས་བརྒྱབ་པ་དང་། ཏང་གིས་ཏང་སྐྱོང་བ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་དུས་ཡུན་རིང་པོའི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་གཙོ་གནད་དུ་འཛིན་པ། ཏང་གི་ཆབ་སྲིད་ལེགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ། ཕུགས་བསམ་དང་དད་སེམས་དམིགས་ཡུལ་བཅས་བརྟན་པོ་ཡོང་བ་རྨང་གཞིར་འཛིན་པ་དང་། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་ཆབ་སྲིད་ལེགས་སྐྱོང་དང་། བསམ་བློ་ལེགས་སྤེལ། རྩ་འཛུགས་ལེགས་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། སྒྲིག་ཁྲིམས་ལེགས་སྐྱོང་བཅས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ།ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེའི་ནང་ཁྱབ་པར་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཞུ་བ།རང་ངོས་གསར་བརྗེ་བྱེད་ཕོད་པ། དཀའ་ཁག་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

   ཚོགས་ཆེན་ཐོག་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ། བཟོ་བཅོས་འཆར་ཟིན་དེ་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ནུས་པ་ཐོན་རྒྱུའི་གཏན་འབེབས་བྱས་པ་རེད།

   ཚོགས་ཆེན་ཐོག་ཏང་གི་སྒྲིག་ཡིག་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས།མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ནི་ཏང་གི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་གཏན་འཁེལ་བྱ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་གནང་བ་རེད། ཚོགས་ཆེན་ཐོག་ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པ་དང་། སློབ་སྦྱོང་ལག་བསྟར་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་ཏུ་མངོན་པ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

   ཚོགས་ཆེན་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་དང་མཉམ་དུ་ཏང་གི་སྒྲིག་ཡིག་ནང་འཁོད་རྒྱུར་མོས་མཐུན་གནང་བ་རེད། དེ་ནི་ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་རྒྱུར་ཕན་ཐོགས་ཡོད་པ་བསྟན་པ་རེད། ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཏང་གིས་དཀའ་བ་ཚད་མེད་སྤྱད་ནས་གསར་དུ་བཏོད་པའི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག་འདི་དང་། ལམ་ལུགས་འདི། རིག་གནས་འདི་བཅས་ཏང་ཡོངས་ཀྱི་བློ་མཐུན་ཚང་མས་གཅེས་འཛིན་ལྡབ་འགྱུར་བྱ་དགོས་པ་དང་། རིགས་པའི་གཞུང་ལུགས་ལ་ཡིད་ཆེས་དང་། ལམ་ལུགས་ལ་ཡིད་ཆེས། རིག་གནས་ལ་ཡིད་ཆེས་བཅས་བྱ་དགོས་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས།གཞི་རྩའི་ཇུས་གཞི་ཆེན་མོ་བཅས་དོན་འཁྱོལ་མཐར་ཕྱིན་བྱ་དགོས།

   ཚོགས་ཆེན་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་ཐད་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། ནང་དོན་དེ་དག་འཐུས་ཚང་དུ་བཏང་ན། ཏང་ཡོངས་ཀྱིས་སྔར་བས་རང་རྟོགས་དང་སྔར་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས།གཞི་རྩའི་ཇུས་གཞི་ཆེན་མོ་བཅས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་གཏོང་བར་ནུས་པ་ཧ་ཅང་གལ་ཆེན་ལྡན་པ་རེད།

   ཚོགས་ཆེན་ཐོག་ངོས་འཛིན་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་རེད། ཏང་སྲིད་དམག་དམངས་སློབ། ཤར་ལྷོ་ནུབ་བྱང་དབུས། ཏང་ནི་ཐམས་ཅད་ལ་མགོ་ཁྲིད་བྱེད་མཁན་ཡིན། ཚོགས་ཆེན་ཐོག་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དེ་ཏང་གི་སྒྲིག་ཡིག་ནང་འཁོད་རྒྱུར་ཡིད་མཐུན་བྱས་པ་རེད།

   ཚོགས་ཆེན་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་ལས་དོན་དང་ཏང་ལེགས་སྐྱོང་གི་ལེགས་འགྲུབ་ཉམས་མྱོང་ཕྱོགས་བསྡོམས་དང་བསྡུ་ལེན་བྱས་པར་མ་ཟད། སྤྱིའི་རྩ་འཛིན་གྱི་ཆ་ཤས་དག་བཅོས་དང་སྦྲེལ་མཐུད་བྱས་ཡོད་པས།ཏང་གི་སྒྲིག་ཡིག་གི་དོན་ཚན་ཁ་ཤས་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད།

   ཚོགས་ཆེན་ཐོག་ཨུ་ཡོན204དང་རྗེས་སྣོན་ཨུ་ཡོན172ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཨུ་ཡོན133ལས་གྲུབ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད། ཟླ10པའི་ཚེས25ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་བདམས་ཐོན་བྱུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན25(རྒྱ་ཡིག་རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས)བདམས་པ་སྟེ། ཏིང་ཞུའེ་ཞང་དང་། ཞི་ཅིན་ཕིང་། ཝང་ཁྲེན། ཝང་ཧུའུ་ཉིང་།ལིའུ་ཧོ།ཞུས་ཆི་ལེན། སུན་ཁྲུན་ལན།(བུད་མེད།)ལི་ཞི། ལི་ཆང་། ལི་ཁེ་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། དབང་དབྱང་། ཀྲང་ཡིའུ་ཞ། ཁྲེན་ཤིས། ཁྲེན་ཆོན་གོ། ཁྲེན་མིན་ཨར། ཀྲའོ་ལེ་ཅི། ཧུའུ་ཁྲུན་ཧྭ། ལི་ཀྲན་ཧྲུའུ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིན། ཧན་ཀྲེང་། ཚའེ་ཆི་བཅས་སོ།། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལ་འདེམས་བསྐོ་བྱས། ཝང་ཧུའུ་ཉིང་དང་། ཏིང་ཞུའེ་ཞང་། དབྱང་ཞའོ་ཏུའུ། ཁྲེན་ཤིས། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཡིའུ་ཆོན་བཅས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅིར་བདམས་པ། ཞི་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དང་། ཞི་ཅིན་ཕིང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས། ཀྲའོ་ལེ་ཅི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་ཆོག་མཆན་བཀོད།

(རྩོམ་འདི་ནི《ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་དུ་གྲོལ་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ》ཞེས་པ་དང་།《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།》བཅས་ལས་བཤུས་བསྒྲིགས་བྱས།)


ནོར་བུས་བསྒྱུར།

རྩོམ་སྒྲིག་པ། ནོར་བུ།

  • ལེ་ཚན་སྔོན་མ།:ཁྲོན་ཧྲའན་གསར་བརྗེའི་གནས་གཞིའི་ས་ཁུལ།
  • ལེ་ཚན་རྗེས་མ།:ཏེང་ཞའོ་ཕིང་གི་ལྷོ་སྐྱོད་གསུང་བཤད།
  • དོ་སྣང་ཆེ་བའི་རྩོམ།