
ཧུའུ་ཁྲང་ཧྲེང་དང་། ལི་ཁང་། ཡེ་ཤེས་ཟླ་བ། ལིའུ་ཕིང་། བྱང་ཆུབ་སོགས་གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས།
དབྱི་ཧྥན་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་གནང་ཞིང་། རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་གཞིའི་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་གནང་།
ཟླ་བ2པའི་ཚེས24ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་དེ་དར་མདོར་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་རེད།
ཚོགས་ཆེན་དུ་ཡོང་དགོས་པའི་ཨུ་ཡོན288ཡིན་ཞིང་དངོས་སུ་ཨུ་ཡོན 238 བསླེབས་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཁྲང་ཙེ་དང་། ཧྥན་ཝུན་ཧྭ། རྒྱལ་བསྟན་བློ་བཟང་བྱམས་པ། ཀྲོའུ་ཏུང་ཞུའེ། རྡོ་རྗེ་བཀྲ་ཤིས། ཅང་ཞུའེ་དབྱིན། ཀྲའོ་པིང་། དབྱང་ཞའོ་ཁང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་བ་ལིའུ་ཡུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཤིང་། ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལིའུ་ཁྲང་ཙེས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་རེད།
ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། དཀར་མཛེས་ཡན་ལག་དམག་ཁུལ་བཅས་ཀྱི་འགོ་ཁྲིད་ཧུའུ་ཁྲང་ཧྲེང་དང་། ལི་ཁང་། ཡེ་ཤེས་ཟླ་བ། ལིའུ་ཕིང་། བྱང་ཆུབ། ཝང་དབྱང་། དབྱང་ཁེ། ཝང་ཁྲུན། བྱམས་བློ། ཏོན་ནེ་ཁེ། ཞུས་ཀྲི་ཝུན། ལུའེ་ཧྥུ་རུང་བཅས་གདན་ཞུ་ལྟར་ཚོགས་ཆེན་དུ་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུར་བཞུགས་པ་རེད།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན་གྱིས་རྒྱུན་ཨུ་ལྷན་ཁང་གི་ལས་ཀའི་སྙན་སེང་ཞུས་པ་རེད། ཁོང་གིས་གསུང་དོན། 2013ལོ་ནི་རང་ཁུལ་གྱིས་གོ་སྐབས་དམ་འཛིན་བྱས་ཤིང་། འགག་སྒྲོལ་དཀའ་སེལ་དང་། མཐུན་སྒྲིལ་འབད་འཐབ་བྱས་པའི་ལོ་ཞིག་ཡིན་ལ། ཁུལ་སྲིད་གྲོས་ཀྱིས་ལྟེ་བར་དམིགས་ཤིང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། གསར་སྐྲུན་འཕེལ་རྒྱས་གཏོང་བའི་ལོ་ཞིག་ཀྱང་ཡིན་པ་རེད། ལོ་གཅིག་གི་རིང་། ཁུལ་ཨུའི་སྲ་བརྟན་གྱི་དབུ་ཁྲིད་འོག་རྒྱུན་ལས་ཨུ་ལྷན་གྱིས་འཕེལ་རྒྱས་དང་། དམངས་འཚོ། བརྟན་བརླིང་བཅས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཤིང་། ཨུ་ཡོན་ཡོངས་རྫོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་དེ་ལས་དོན་ཨང་དང་པོར་བཞག་པ་དང་། དམངས་འཚོར་དངོས་ཕན་སྐྲུན་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩིས་པ། འཆམ་མཐུན་ལ་སྐུལ་འདེད་གཏོང་རྒྱུ་དེ་བླ་མེད་ཀྱི་འགན་འཁྲི་བྱས་ནས། ཆབ་སྲིད་གྲོལ་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་ནས་ཅུང་ལེགས་པའི་སྒོ་ནས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སྒྲུབ་པ་དང་། སྐྱེ་ཁམས་མཛེས་སྡུག་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་བྱས་རྗེས་གསར་པ་བཞག་ཡོད། བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཡིད་ཆེས་གསུམ་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་སྲིད་དོན་གྲོས་མོལ་བྱེད་པའི་ཐད་ལེའུ་གསར་པ་བྲིས་ཡོད། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་དོ་ཁུར་བྱས་ནས་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་དམངས་འཚོ་འགན་སྲུང་བྱ་རྒྱུའི་ཐོག་བྱས་རྗེས་གསར་པ་བཞག་ཡོད། སྲིད་གྲོས་ཀྱི་མཐུན་རྐྱེན་ལ་གནས་ཏེ་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ་དང་འཆམ་མཐུན་འཛུགས་སྐྱོང་བྱ་རྒྱུའི་ལས་ཀའི་ཐད་ལ་བྱས་རྗེས་གསར་པ་བཞག་ཡོད། རྒྱུན་ལྡན་ཅན་གྱི་ལས་ཀར་དམིགས་ནས་རང་འགུལ་གྱིས་ལས་དོན་སྒྲུབ་པ་དང་གསར་གཏོད་འགན་སྒྲུབ་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད། ནུས་ལྡན་གྱིས་རྨང་གཞི་བརྟན་ཅིང་ལྟ་བ་བརྟན་པོ་བྱས་ཏེ་རང་ཉིད་འཛུགས་སྐྲུན་དང་གསར་གཏོད་ཡར་བརྩོན་ཐོག་ནས་གྲུབ་འབྲས་གསར་པ་ཐོབ་ཐུབ་ཡོད།
དབྱི་ཧྥན་གྱིས་ནན་གསུང་གནང་དོན། 2014ལོ་ནི་རང་ཁུལ་གྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་ལོ་དང་པོ་ཡིན། ཁུལ་སྲིད་གྲོས་ཀྱི་ལས་ཀའི་སྤྱིའི་བླང་བྱ་ནི། ཁུལ་ཨུའི་དབུ་ཁྲིད་བརྟན་པོའི་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དོན་འཁྱོལ་ཡག་པོ་བྱས་ནས།ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཁུལ་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ལྟར་“སྔོན་དུ་འཕེལ་རྒྱས་གཏོང་བ་གཅིག་དང་།གོ་རིམ་ཡོད་པར་འཕེལ་རྒྱས་གཏོང་བ་གཉིས།མགྱོགས་སུ་འཕེལ་རྒྱས་གཏོང་བ་གསུམ་བཅས”དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་བ་དང་།འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།དཔལ་འབྱོར་དམའ་རིམ་ནས་གཏོར་རྒལ་ཡོང་བའི་ནང་དོན་གཙོ་བོ་བཅས་ལ་དམིགས་པ། ཁྱོན་ཡོངས་ནས་བཅོས་བསྒྱུར་གཟབ་སྤེལ་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་བརླིང་བཅས་ཁྲོད་ཀྱི་གལ་ཆེའི་གནད་དོན་གཞིར་བཟུང་ནས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་གྲོས་མོལ་གྱི་ཐབས་ལམ་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྲིད་གླེང་བྱ་རྒྱུ་གྲོས་མོལ་བྱེད་པ་དང་འགན་འཁྲི་ལག་བསྟར་བྱས་ནས།དེ་བས་ཡག་པོའི་སྒོས་འབྲེལ་བ་མཐུན་སྦྱོར་དང་།ནུས་ཤུགས་གཅིག་སྒྲིམ།ཐབས་འདོན་ཇུས་འདོན། ཁྱོན་ཡོངས་ལ་ཞབས་ཞུ་བཅས་བྱས་ནས། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ནས་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་དང་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ལེ་ཚན་འབྲི་ཆེད་མཐུན་སྒྲིལ་དང་འབད་འཐབ་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེང་གསུམ་པའི་སྙིང་དོན་སློབ་སྦྱོང་ཟབ་མོ་བྱས་ནས་དངོས་གནས་ཀྱིས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པར་བསམ་བློའི་རྨང་གཞི་བརྟན་པོ་འདིང་བ་དང་། ལྟེ་གནས་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས་དངོས་གནས་ཀྱིས་དཀར་མཛེས་ཁུལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་བརྒལ་འཕེལ་རྒྱས།འཆམ་མཐུན་འཕེལ་རྒྱས་ལ་འགན་ནུས་གཙང་སྒྲུབ་བྱ་རྒྱུ། དམངས་འཚོ་ལ་དོ་སྣང་དང་ཞབས་ཕྱི་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཧུར་ཐག་གིས་དམངས་འཚོ་བྱ་གཞག་ལ་བྱས་རྗེས་འཇོག་དགོས། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པར་བདེ་འཇགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཀྱི་ཆབ་སྲིད་རྣམ་པ་སྲ་བརྟན་གཏོང་དགོས། ནང་རྐྱེན་འཐུས་ཚང་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པར་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ནན་ཏན་གྱིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བསྟར་བའི་བྱེད་སྒོ་སྤེལ་ནས་རང་ཉིད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་དོ་དམ་བྱེད་དགོས།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱིས་མངགས་བཅོལ་ལྟར་རྒྱལ་བསྟན་བློ་བཟང་བྱམས་པས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞི་ལས་ཀའི་གནས་ཚུལ་གྱི་སྙན་སེང་ཞུས་པ་རེད།
གདན་ཞུ་ལྟར་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགོ་ཁྲིད་སོགས་ཚོགས་ཆེན་དུ་ཞུགས་པ་དང་། དར་མདོར་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། བཟོ་ཚོང་དང་བུད་མེད་ལྷན་ཚོགས་ཀྱི་འགན་ཁུར་བ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་འགན་ཁུར་མི་སྣ་སོགས་ཟུར་ཞུགས་བྱས་ཡོད།