ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་མང་རིང་ཆབ་མདོ་ས་ཁུལ་གྱིས་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཏང་གི་ལས་ཞུགས་སྲིད་ཇུས་བཟང་པོས་སློབ་ཆེན་ཐོན་པའི་སློབ་མ་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མ། དེ་བཞིན་ལས་ཀ་ཤོར་བ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་བཅས་ལ་ཕན་པ་ཐོབ་ཡོད་པ་རེད། ལོ་བཅུ་ལྷག་ཙམ་རིང་ཆབ་མདོ་ས་ཁུལ་གྱིས་སློབ་ཆེན་སློབ་ཐོན་སློབ་མ་གྲོང་དཔོན་བྱེད་པར་འདེམས་གཏོང་བྱེད་པ་དང་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་བྱེད་རྒྱུར་སྐུལ་ལྕགས་གཏོང་བ། སྤྱི་ཕན་རང་བཞིན་གྱི་ལས་གནས་དང་ལྟ་སྐྱོང་ལས་གནས་སོགས་མཁོ་འདོན་བྱས་ནས་ས་ཁུལ་དེ་ཡོངས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཀྱི་སློབ་ཐོན་སློབ་མ་ཁྲི1.5ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད། ཐབས་ལམ་སྣ་ཚོགས་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་དུ་ཆ་སྙོམས་ལོ་རེར་ལས་ཞུགས་དང་ལས་ཞུགས་བསྐྱར་མ་ཐུབ་ཚད་མི་གྲངས2000ལྷག་ཙམ་ཟིན་པ་དང་། ལས་ཤོར་ཐོ་འགོད་བྱེད་ཚད་རིམ་བཞིན་ཉུང་དུ་ཕྱིན་ཡོད་པ་རེད། སྤྱི་ལོ2011ལོའི་ལོ་མཇུག་ཏུ་ས་ཁུལ་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་ཚད་མི་གྲངས3600ལྷག་ཙམ་མང་དུ་ཕྱིན་ཡོད་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་སྤྱི་ལོ2002ལོའི་བརྒྱ་ཆ6.8ནས་ད་ལྟའི་བརྒྱ་ཆ2.97བར་ཉུང་དུ་ཕྱིན་ཡོད་པ་རེད། ལོ་བཅུའི་ནང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་སྤོ་སྒྱུར་བྱེད་ཚད་མི་ཐེངས་ཁྲི34ཟིན་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་འཕར་སྣོན་བྱུང་ཡོད་པ་རེད། ལྷག་པར་དུ་སྤྱི་ལོ2012ལོར་ཆབ་མདོ་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་སྤོ་སྒྱུར་ལས་ཞུགས་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་དེ་ཡོངས་སུ་ཞིང་འབྲོག་མང་ཚོགས་ལ་དམག་དཔུང་ལྟར་གྱི་སྦྱོང་བརྡར་སྤྲད་ཡོད་པ་རེད། ལོ་བཞིའི་ནང་ཞིང་འབྲོག་མང་ཚོགས་ཁྲི8ལྷག་ཙམ་ལ་སྦྱོང་བརྡར་སྤྲད་དེ་སྤྱི་ལོ2015ལོར་སླེབས་དུས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་ཚོ30ཙམ་སྤོ་སྒྱུར་ལས་ཞུགས་ཐུབ་པ་བྱེད་རྩིས་ཡོད་པ་རེད། ཆབ་མདོ་ས་ཁུལ་གྱིས་ད་དུང་སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བྱས་ནས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ལོ2007ལོའི་ཚུན་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས2495ཉོས་ཡོད་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ2000ལྷག་ཙམ་དང་ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་མི་གྲངས336ལས་ཞུགས་ཐུབ་ཡོད་པ་རེད། །