ཤར་བོད་ཀྱི་ཆེས་ཆེ་བའི་དབྱར་རྩ་དགུན་འབུའི་ཉོ་འཚོང་ལྟེ་གནས་ཆབ་མདོ་རུ་བཙུགས་པ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-04-25
ཉེ་སྔོན། དབྱར་རྩ་དགུན་འབུ་རྐོ་བ་དང་ཉོ་འཚོང་བྱེད་པའི་དུས་ཚིགས་ལ་སླེབས་པ་དང་བསྟུན་ནས། ཤར་བོད་ཀྱི་ཆེས་ཆེ་བའི་དབྱར་རྩ་དགུན་འབུའི་ཉོ་འཚོང་ལྟེ་གནས་ཏེ་ཆབ་མདོའི་སྨན་རྩྭ་ཉོ་འཚོང་ལྟེ་གནས་ཆབ་མདོ་རྫོང་དུ་བཙུགས་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན་ཉོ་འཚོང་ལྟེ་གནས་འདི་ནི་དབྱར་རྩ་དགུན་འབུ་ཉོ་འཚོང་དང་། ཞིབ་དཔྱད་ཚད་ལེན། རིམ་པ་གསལ་འབྱེད་བཅས་གཅིག་ཏུ་འདུས་པ་ཞིག་ཡིན་ཞིང་། ཆབ་མདོ་དང་ནག་ཆུ་སོགས་ནས་ཐོན་པའི་དབྱར་རྩ་དགུན་འབུ་ཉོ་བསྡུ་བྱས་ནས་ཚད་རིམ་ལྟར་གོང་བཅད་དེ་ཚོང་རར་འགྲེམ་པ་ཡིན། མིག་སྔར་ལྟེ་གནས་འདིས་ཧྲང་ཧེ་དང་། ཧང་ཀྲིག ཡེ་བུའུ་སོགས་ཤར་ཕྱོགས་མཚོ་འགྲམ་གྱི་གྲོང་ཁྱེར་དུ་ཐད་འཚོང་ཁང་བཙུགས་ཡོད་པ་རེད།
དབྱར་རྩ་དགུན་འབུ་ནི་མཚོ་ངོས་ལས་མཐོ་ཚད་ལ་སྨི3000ནས་སྨི6000ཡོད་པའི་མདོ་དབུས་མཐོ་སྒང་དུ་སྐྱེ་པའི་ཐོན་རྫས་ཤིག་ཡིན་ཞིང་། ལོ་རེའི་ཟླ4བ་ནས་ཟླ6པར་སྐྱེ་པ་དང་། དེའི་སྤུས་རྒྱུ་ལ་ཁོར་ཡུག་དང་ཆར་ཆུ་འབབ་ཚད་སོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ལ། བོད་ལྗོངས་སུ་ནག་ཆུའི་སོག་རྫོང་དང་སྦྱ་ཆེན་རྫོང་། ཆབ་མདོ་ས་ཁུལ་གྱི་སྟེང་ཆེན་སོགས་ནས་ཐོན་པའི་དབྱར་རྩ་དགུན་འབུ་ནི་སྤུས་རྒྱུ་ཆེས་ལེགས་པོ་རུ་རྩི་བཞིན་ཡོད།