ཆབ་མདོ་གྲོང་ཁྱེར་གྱིས་ཕུལ་བྱུང་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་ཧྲུའུ་ཅིར་གཟེངས་བསྟོད་བྱས་པ།
བོད་ལྗོངས་ཉིན་རེའི་ཚགས་པར། 2015-11-02
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ་ཆབ་མདོ་གྲོང་ཁྱེར་གྱིས་འདེམས་གཏོང་བྱས་པའི་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་ཧྲུའུ་ཅིའི་ཕྱོགས་སྡོམ་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ་ཕུལ་བྱུང་འཐུས་མིར་གཟེངས་བསྟོད་བྱས་པ་རེད། ཀྲི་པུའུ་ཧྲུའུ་ཅིའི་འཐུས་མི་གཉིས་ཀྱིས་སྤེལ་རེས་གཏམ་བཤད་སྤེལ་བ་རེད།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ནོར་བུ་དོན་གྲུབ་ཀྱིས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གི་འདེམས་གཏོང་བྱས་པའི་ཀྲི་པུའུ་ཧྲུའུ་ཅིར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། གཞི་རིམ་དུ་ལེགས་སྐྱེས་འབུལ་བཞིན་པའི་ལས་བྱེད་པ་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ལོ་3ནང་འདེམས་གཏོང་བྱས་པའི་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་ཧྲུའུ་ཅི་1142ལ་ཐོབ་པའི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ཁོང་ཚོས་ལས་དོན་སྤེལ་ནས་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། ལས་བྱེད་པ་འབོར་ཆེན་གསོ་སྐྱོང་དང་ཞུན་བརྡར་བཏང་ཡོད། འོན་ཀྱང་ཆབ་མདོར་བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་སྔར་བཞིན་བརྟན་པོ་མེད་པ་དང་། ཞིང་འབྲོག་ཁུལ་འཕེལ་རྒྱས་འགྲོ་ཚད་ད་དུང་ཆེན་པོ་མེད་པ། དམངས་འཚོ་ལེགས་སུ་གཏོང་བའི་ལས་འགན་ད་དུང་ལྗིད་པོ་ཡོད་པ། གཞི་རིམ་ཏང་རྩ་འཛུགས་ཁ་ཤས་ཀྱི་འཐབ་ནུས་ད་དུང་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ཡོད་ཅེས་གསུངས་པ་རེད།ནོར་བུ་དོན་གྲུབ་ཀྱིས་སླད་ཕྱིན་བརྟན་ལྷིང་དང་། རྨང་བརྟན། དམངས་ཕྱུག་བཅས་ཀྱི་དམིགས་ཚད་ལ་དམིགས་ནས་ལས་ཀའི་འབྲེལ་བ་གསེད་བཀྲོལ་དང་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་དང་གསོན་ཤུགས་རྒྱུན་འཁྱོངས་ཡོང་བར་བྱེད་པ། ཏང་ནང་གི་འཚོ་བ་ཚད་ལྡན་དུ་གཏོང་བ་དང་ཀུན་གྱི་ཡིད་ཆེས་ཐོབ་པ་བཅས་བྱས་ཏེ་ཚན་ཁག་སྟོབས་ཆེན་འཛུགས་སྐྱོང་དང་དཔུང་ཁག་གི་སྣེ་ཡག་པོ་ཁྲིད་པར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསེད་བཀྲོལ། དམ་པ་དོན་གཉེར་གྱིས་བྱ་བ་སྒྲུབ་པ་བཅས་བྱས་ནས་བསམ་ཕྱོགས་གསེད་བཀྲོལ་དང་འཕེལ་རྒྱས་ཀྱི་ཇུས་འགོད་སྐབས་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་པ། མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་དང་། བརྟན་ལྷིང་དང་འབྲེལ་བའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཁོང་དུ་ཆུད་པ། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་ལ་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་གྱི་བདེ་འཇགས་མཉམ་སྲུང་ལ་ཤུགས་རྒྱག་པ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བར་རྣམ་པ་གསར་པ་གཏོད་དགོས་པ། དམངས་གཙོའི་དོ་དམ་དང་ལམ་ལུགས་འཛུགས་སྐྱོང་ལ་བྱ་ཐབས་གསར་པ་ལྡན་དགོས་པ་དང་། གཡུལ་ས་འཛུགས་སྐྱོང་དང་གྲོང་ཚོ་འཛུགས་སྐྲུན་ལ་རྣམ་པ་གསར་པ་ལྡན་དགོས་པ། རང་ངོས་འཛུགས་སྐྱོང་དང་སྲིད་བརྩོན་དངོས་སྒྲུབ་ལ་གཟུགས་བརྙན་གསར་པ་ལྡན་དགོས་ཞེས་གསུངས་པ་རེད། །