2011-03-01
ཟླ་བ2པའི་ཚེས24ཉིན། ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ་རེད། གྲོས་ཚོགས་ཐོག2010ལོའི་ཞིང་ལས་དང་ཞིང་སྡེའི་ལས་ཀ་ཕྱོགས་བསྡོམས་བྱས་པ་དང་། 2011ལོའི་ཞིང་ལས་དང་ཞིང་སྡེའི་ལས་ཀ་འཆར་འགོད་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་གིས་གྲོས་ཚོགས་གཙོ་འགན་བཞེས་པས་མ་ཚད་གལ་ཆེའི་གསུང་བཤད་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ལི་ཁྲང་ཕིང་གིས་གསུང་བཤད་གནང་བ་རེད། ཁུལ་དཔོན་གཞོན་པ་པི་ཧྲི་ཞང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་ལས་དང་འབྲེལ་བའི་གལ་ཆེའི་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་གནང་བ་རེད།
གྲོས་ཚོགས་འདི་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་སྡེའི་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏོང་བའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ཞིང་། རྫོང་ཁག་སོ་སོའི་རྫོང་ཨུ་དང་རྫོང་སྲིད་གཞུང་། ཁུལ་རིམ་པའི་སྡེ་ཁག་སོ་སོ། ཞིང་ཆེན་དང་ཁུལ་གཏོགས་སྲིད་དོན་དང་ཁེ་ལས་དོན་ལས་ལས་ཁུངས་བཅས་ཀྱི་འགན་འཁུར་མི་སྣ་གྲོས་ཚོགས་ནང་ཞུགས་ཡོད་པ་རེད། ལིའུ་ཏའོ་ཕིང་གིས་ཅི་འདྲ་བྱས་ནས་ད་ལོར་ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀ་དམ་འཛིན་ཡག་པོ་བྱ་རྒྱུའི་སྐོར་ལྷུག་བརྗོད་བྱེད་སྐབས་བསྟན་དོན། གཅིག་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཡོང་བབས་མཐོ་འདེགས་གཏོང་རྒྱུ་དེ་ལས་ཀ་གཙོ་བོར་བཞག་ཏེ་ཞིང་སྡེའི་ལས་ཀར་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས། གཉིས་ནི་འབྲོག་པའི་གཞིས་ཆགས་ལས་ཀའི་ཚད་གཞི་དང་གྲངས་ཀ་ཇེ་དམའ་དང་ཇེ་ཉུང་དུ་གཏོང་མི་རུང་ཞིང་།ནུས་ཤུགས་ཆེན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་འབྲོག་པའི་གཞིས་ཆགས་སྡོད་གནས་བསྐྲུན་བྱེད་དགོས། གསུམ་ནི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་འཚོ་ཐག་གཅོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྱོན་ཡོངས་ནས་ཞིང་སྡེ་གསར་པའི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས། བཞི་ནི་མི་རིགས་ཁ་བྲལ་གཏོང་བར་ངོ་རྒོལ་དང་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་ཡག་པོ་བྱེད་པའི་གནད་དོན་གཉིས་པོ་དམ་འཛིན་བྱས་ཏེ་ཞིང་སྡེའི་སྤྱི་ཚོགས་བདེ་འཇགས་ཀྱི་ལས་ཀ་ཁྱོན་ཡོངས་ནས་གོང་འཕེལ་གཏོང་དགོས།
ལི་ཁྲང་ཕིང་གིས་གྲོས་ཚོགས་ཐོག་བསྟན་དོན། 2010ལོར། ཁུལ་ཡོངས་ཀྱི་དཔལ་འབྱོར་ཐོན་ཚད་བསྡོམས་གྲངས་ནི་སྒོར་དུང་ཕྱུར་122.83ཡིན་ཞིང་2009ལོ་དང་བསྡུར་ན་བརྒྱ་ཆ14.1འཕར་སྣོན་བྱུང་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་ནི་སྒོར་དུང་ཕྱུར27.3ཡིན་ཞིང་2009ལོ་དང་བསྡུར་ན་བརྒྱ་ཆ3.5འཕར་སྣོན་བྱུང་བ་དང་། ཞིང་འབྲོག་མི་དམངས་ཀྱི་མི་རེའི་ཆ་སྙོམས་ཡང་བབས་ཁེ་གཙང་སྒོར2743.76ཡིན་ཞིང2009ལོ་དང་བསྡུར་ན་བརྒྱ་ཆ23.11འཕར་སྣོན་བྱུང་ཡོད་པས་མ་ཚད་ལོ་ལྔའི་འཆར་གཞི་བཅུ་པའི་དུས་མཇུག་དང་བསྡུར་ན་ལྡབ་གཅིག་ཡན་ཆད་འཕར་སྣོན་བྱུང་ཡོད་པ་རེད། ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་བསྟུད་མ10ལོ་ལ་མགྱོ གས་མྱུར་ངང་འཕེལ་རྒྱས་འགྲོ་བའི་གནས་བབ་བཟང་པོ་སྲུང་འཛིན་བྱེད་ཐུབ་ཡོད་པ་རེད། ན་ནིང་ལོར་ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10