མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-01-10
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད་བློན་ཆེན་མའོ་སི་ཁི་ཝེ་ཆི་དང་ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་ཡཱ་ཀི་པུའུ་ལུའུ་གཉིས་ཀྱིས་ཚེས7ཉིན་ཕཱ་རེ་སི་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་དཔལ་འབྱོར་འཕར་སྣོན་དང་ནོར་སྲིད་འགྲོ་སོང་དོ་མཉམ་ཡོང་བའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་འབྱུང་བར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།
མའོ་སི་ཁི་ཝེ་ཆི་ཡིས་ཡཱ་ཀི་པུའུ་ལུའུ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སི་དང་ཨ་མེ་རི་ཁའི་སྲིད་གཞུང་གི་དཔལ་འབྱོར་སླར་གསོའི་གནད་དོན་ཐད་ཀྱི་ལྟ་ཚུལ་གཅིག་མཚུངས་ཡིན་པ་དང་། དཔལ་འབྱོར་བྱ་བའི་གཙོ་གནད་དོན་ནི་དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་རྒྱ་བསྐྱེད་པར་ཡར་སྐུལ་བྱེད་རྒྱུ་དེ་ཡིན་ཞིང་། ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱས་ཏེ་དཔལ་འབྱོར་འཕར་སྣོན་དང་སྤྱི་བའི་ནོར་སྲིད་ལེགས་སྒྲིག་བྱས་ཏེ་དེ་གཉིས་དོ་མཉམ་ཡོང་བར་བྱེད་དགོས་པར་འདོད། མའོ་སི་ཁི་ཝེ་ཆི་ཡིས་ད་རུང་ནམ་རྒྱུན་གྱི་ཁེ་སྤོགས་བཟང་བའི་རྒྱལ་ཁབ་ཀྱིས་དངུལ་གཏོང་ཇེ་མང་དུ་བཏང་ནས་ཁོ་ཚོའི་རྒྱལ་ནང་གི་དགོས་མཁོར་ཡར་སྐུལ་བྱེད་དགོས་ཟེར།
ཡཱ་ཀི་པུའུ་ལུའུ་ཡིས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ས་ཁུལ་གཞན་དག་གིས་ཀྱང་ཡོ་རོབ་གླིང་དང་འདྲ་བར་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་དགོས་པ་དང་། དུས་ཡུན་ཐུང་ངུའི་དགོས་མཁོ་དེ་སྲིད་གཞུང་དཔལ་འབྱོར་བྱ་བའི་ཉིན་རིམ་ནང་འགོད་དགོས་ཟེར།
ཧྥ་རན་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ནོར་སྲིད་བློན་ཆེན་གྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ན་ནིང་ལོ་མཇུག་ལ་དངུལ་ཁང་ལས་རིགས་ཀྱི་མནའ་འབྲེལ་འཛུགས་པའི་གནད་དོན་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པར་དགའ་བསུ་ཞུས། ཡཱ་ཀི་པུའུ་ལུའུ་ཡིས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་བྱེད་ཐབས་སྔར་ལས་མང་བོ་སྤྱད་དེ་དངུལ་ལོར་བདེ་འཇགས་དྲ་བ་བཙུགས་ནས་དངུལ་ལོར་མ་ལག་གི་བརྟན་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་ཉིན་དེར་ཕཱ་རེ་སི་རུ་འབྱོར་ནས་ཡོ་རོབ་གླིང་གི་འགྲུལ་བཞུད་མགོ་བརྩམས་པ་རེད། ཁོས་ཉིན་དེར་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་ཐུག་འཕྲད་བྱས་པ་དང་། ཨོ་ལིང་ཏི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། ཧྥ་རན་སི་ལས་གཞན་ཡཱ་ཀི་པུའུ་ལུའུ་ཡིས་ད་རུང་འཇར་མན་དང་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10