ཕེའོ་ཅིན་ཧོས་ཀྱིས2014ལོའི་སྲིད་སྐྱོང་འཆར་གཞི་ཁྱབ་སྒྲོག་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-01-09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས6ཉིན་ཆིན་ཝ་ཐེ་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐོག་མ་སྤེལ། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཉག་ཕྲ་བ་དང་། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བའི་སྐབས་སུ། ཀུན་གྱིས་དོ་སྣང་བྱེད་པའི་ཧན་གོ་རྒྱལ་ཁབ་ཀྱི་ཕྱེད་གླིང་གནས་བབ་དང་། ཧན་གོ་དང་འཇར་པན་གྱི་འབྲེལ་བ། ཧན་གོ་དང་ཀྲུང་གོའི་འབྲེལ་བ་སོགས་གནད་དོན་ཐད་ནས་ཕེའོ་ཅིན་ཧོས་ཀྱིས་རྒྱས་བཤད་གསལ་བོ་བྱས།
གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཕེའོ་ཅིན་ཧོས་ཀྱིས་ཅིན་ཀྲིན་ཨིན་གྱི་ཧན་གོའི་བར་གྱི་འབྲེལ་བ་ཞི་འཇགས་སུ་གཏོང་བའི་སྐོར་གྱི་གཏམ་བཤད་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཁོ་མོའི་འགན་ཡུན་ནང་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་བྱས་ཆོག་པར་བཤད་པར་མ་ཟད། མི་འགྱངས་པར་ཧན་གོ་དང་ཁྲའོ་ཞན་གྱི་ཁ་བྲལ་དུ་སོང་བའི་ཁྱིམ་མིའི་ལྷན་འཛོམས་བྱ་འགུལ་སྤེལ་དགོས་པའི་གྲོས་གཞི་བཏོན། ཁོ་མོས་བཤད་རྒྱུར། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པས་ལོ་གསར་བའི་ཞུ་ཚིག་འབུལ་སྐབས་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད་པའི་བསམ་ཚུལ་བསྟན་པར་དགའ་བསུ་བྱེད་བཞིན་ཡོད་པ་དང་། གལ་ཆེ་བ་ནི་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་དུ་བསྟར་རྒྱུ་དེ་ཡིན་ཟེར། ཕེའོ་ཅིན་ཧོས་ཀྱིས་རང་གི་འགན་ཡུན་ནང་ལྷོ་བྱང་མགོ་གཙོའི་གྲོས་མོལ་བྱས་ཀྱང་མི་ཆོག་པ་མེད་མོད་འོན་ཀྱང་གྲོས་མོལ་ཙམ་གྱི་ཆེད་དུ་མ་ཡིན་པས། ལྷོ་བྱང་གཉིས་ཀྱིས་མཉམ་དུ་དོན་དེར་ཆ་རྐྱེན་བསྐྲུན་དགོས་ཟེར། ཕེའོ་ཅིན་ཧོས་ཀྱིས་ནན་གྱིས་བསྟན་དོན། སང་ལོ་ནི་ཧན་གོ་དང་ཁྲའོ་ཞན་ཁ་བྲལ་དུ་སོང་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡིན་པ་དང་། ཧན་གོའི་མཆོངས་བསྐྱོད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ན་འཐབ་འཁྲུག་དང་ཉིང་རྡུལ་ནུས་པའི་མཚོན་ཆའི་སྨུག་རྒྱ་ལས་ཐར་ནས་ཁྲའོ་ཞན་ཕྱེད་གླིང་གཅིག་གྱུར་གྱི་དུས་རབས་གསར་བ་ཞིག་བསྐྲུན་དགོས་ཟེར།
ཕེའོ་ཅིན་ཧོས་ཀྱིས་བལྟས་ན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ནི་ཁྲའོ་ཞན་ཕྱེད་གླིང་གཅིག་གྱུར་ཡོང་བའི་བཀག་རྒྱ་གཙོ་བོ་ཡིན་པས་ཧན་གོས་དོན་དེར་གཞོགས་འདེགས་བྱེད་དགོས་ཟེར། ཁྲའོ་ཞན་དུ་ཅང་མ་འགོར་བའི་སྔོན་བྱུང་བའི་ཀྲང་ཁྲིན་ཙེ་ཡི་དོན་རྐྱེན་ཐད་ནས་ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། སུས་ཀྱང་ཁྲའོ་ཞན་ལ་ཕྱིན་ཆད་འགྱུར་ལྡོག་ག་འདྲ་འབྱུང་སྲིད་པར་ཚོད་དཔག་བྱེད་ཐབས་མེད་ཀྱང་། ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཇེ་མང་དུ་གཏོང་སྲིད་ཟེར།
འཇར་པན་གྱི་གཡས་ལྷུང་བྱ་སྤྱོད་ལ་དམིགས་ཏེ་ཕེའོ་ཅིན་ཧོས་ཀྱིས་འཇར་པན་གྱིས་ཧན་གོ་དང་འཇར་པན་གྱི་འབྲེལ་ལེགས་བཅོས་བྱེད་པར་སྣང་ཚུལ་བཟང་བོ་བསྐྲུན་དགོས་པ་ནན་བཤད་བྱས། ཁོ་མོས་བཤད་རྒྱུར། རང་ཉིད་ཀྱིས་ཙུང་ཐུང་གི་འགན་ཁུར་རྗེས་འཇར་པན་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་རེ་བ་བྱེད་བཞིན་ཡོད་ལ། ནམ་རྒྱུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞིར་གྱུར་བའི་ལོ་རྒྱུས་ངོས་འཛིན་གྱི་གནད་དོན་ནན་བཤད་བྱས་པ་ཡིན། ཧན་གོ་དང་འཇར་པན་གྱི་འབྲེལ་བ་ནི་ཚོན་ཧྲན་གཏམ་བཤད་དང་ཧེ་ཡེ་གཏམ་བཤད་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཡིན་ཡང་། འཇར་པན་གྱིས་ཉེ་ལམ་གོང་གི་ཆབ་སྲིད་རྨང་གཞིར་ཁས་ལེན་མི་བྱེད་པའི་གཏམ་སྤྱོད་སྤེལ་བཞིན་ཡོད་ལ། དོན་དངོས་སུ་ཧན་གོ་དང་འཇར་པན་གྱིས་འབྲེལ་བ་ལེགས་བཅོས་བྱེད་པའི་ཁོར་ཡུག་ལ་གཏོར་བརླག་བྱེད་བཞིན་ཡོད་པས་དོན་དེར་འཕང་སེམས་ཆེན་པོ་སྐྱེས་ཡོད་ཟེར། ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། ཁོ་མོས་ཧན་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་མི་སྤེལ་བའི་སྐད་ཆ་གཏན་ནས་བཤད་མྱོང་མེད་ཀྱང་། མགོ་གཙོའི་གྲོས་མོལ་ལ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་ཕན་པའི་གྲུབ་འབྲས་ཐོབ་དགོས་པས། དོན་དེར་ཕྱོགས་གཉིས་ཀྱིས་སྔ་མོ་ནས་ཆ་རྐྱེན་བསྐྲུན་དགོས་ཟེར།
ཕེའོ་ཅིན་ཧོས་ཀྱིས་བལྟས་ན། མིག་སྔར་ཧན་གོ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཟབ་པ་དང་། ཀྲུང་གོའི་ཉེ་ལམ་གྱི་རུལ་སུངས་ལ་རྒོལ་བའི་བྱ་སྤྱོད་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཁོ་མོས་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་རྨང་གཞིའི་སྟེང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དམངས་ཕན་བདེའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར། །

  • ལེ་ཚན་སྔོན་མ།:ཕ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་ཁྲིམས་གཞི་གསར་བར་སྐྱོན་བརྗོད་བྱས།
  • ལེ་ཚན་རྗེས་མ།:ཧྥ་རན་སི་དང་ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་གྱིས་དཔལ་འབྱོར་འཕར་སྣོན་དང་ནོར་སྲིད་གྲོན་ཆུང་དོ་མཉམ་ཡོང་དག
  • དོ་སྣང་ཆེ་བའི་རྩོམ།