ཧན་གོ་དང་ཁྲའོ་ཞན་གྱིས་ལོ7རིང་གི་མཐོ་རིམ་གྲོས་མོལ་ཐེངས་དང་པོ་སྤེལ་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-02-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧན་གོའི་གསར་འགྱུར་ལས་ཁུངས་ཀྱིས་ཟླ2པའི་ཚེས12ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན།ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཚེས11ཉིན་གློ་བུར་དུ་གྲོས་ཆོད་བཀོད་པ་མ་ཟད།ས་དེའི་ཚེས12ཉིན་གྱི་སྔ་དྲོའི་དུས་ཚོད10་སྟེང་པན་མིན་ཏེན་ཞི་བདེའི་ཁྱིམ་གཞིས་ནས་མཐོ་རིམ་གྲོས་མོལ་སྤེལ།འདི་ནི2007ལོའི་ཕྱོགས་གཉིས་བར་གྱི་ལྷོ་བྱང་མགོ་གཙོའི་གྲོས་མོལ་དང་རྒྱལ་སྲུང་དཔོན་པོའི་གྲོས་མོལ་སོགས་ཀྱི་རྗེས་སུ།ལོ7འགོར་རྗེས་སྤེལ་བའི་མཐོ་རིམ་དབང་འཛིན་པའི་བར་གྱི་གྲོས་མོལ་ཐེངས་དང་པོ་རེད།
ཁྲའོ་ཞན་གྱིས་རྒྱུན་དུ་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་མངགས་ཏེ་གྲོས་མོལ་བྱེད་དུ་འཇུག་པའི་རྣམ་པ་བསྒྱུར་ནས།ཐེངས་འདིར་དབང་ཆ་ངོ་མ་ཡོད་པའི་ངལ་རྩོལ་ཏང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མི་སྣ་མངགས།དབུ་བཞུགས་འཐུས་མི་ནི་ལྷོ་བྱང་འབྲེལ་བའི་ཕྱོགས་ནས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཅིན་ཧྲན་ཅན་རྗེས་ཀྱི་མི་སྣ་གཉིས་པ་སྟེ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཡོན་ཏུང་ཡོན་རེད།ཧན་གོའི་ཕྱོགས་ཀྱི་དབུ་བཞུགས་འཐུས་མི་ནི་ཆིན་ཝ་ཐེ་རྒྱལ་ཁབ་བདེ་འཇགས་ཁང་གི་མགོ་གཙོ་གཉིས་པ།རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཅིན་ཁོས་ཞན་ཡིན་པ་དང་།ཆིན་ཝ་ཐེ་ཡི་གཅིག་གྱུར་དྲུང་ཡིག་དཔོན་པོ་ཧུང་རུང་ཧྲའོ་ཡང་འཐུས་ཚབ་ཚོགས་པའི་གྲས་སུ་ཡོད།དེས་ཕྱོགས་གཉིས་ཀྱི་དབང་ཆ་ངོ་མ་ཡོད་པའི་མི་སྣས་མཉམ་དུ་གྲོས་མོལ་བྱས་པ་མཚོན་ཡོད།
ཧན་གོ་སྲིད་གཞུང་གི་མཐོ་རིམ་མི་སྣས་ཁྲའོ་ཞན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་མཐོ་གྲོས་མོལ་རྒྱུན་ལྡན་ཅན་དུ་བསྒྱུར་བའི་རེ་བ་བཅངས་ཡོད་ཅེས་བཤད།སྲིད་གཞུང་གི་འབྲེལ་ཡོད་མི་སྣ་གཞན་པ་ཞིག་གིས་ཀྱང་ལྷོ་བྱང་བར་དུ་གནད་དོན་མང་པོ་ཡོད་པ་དང་།འབྲེལ་འདྲིས་ཐེངས་གཅིག་གཉིས་ལ་བྱས་པ་ཙམ་གྱིས་གནད་དོན་དེ་དག་ཐག་གཅོད་མི་ཐུབ་པས།རྒྱུན་དུ་འབྲེལ་འདྲིས་བྱེད་དགོས་ཟེར།
ཉིན་དེར་ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པ་ཅིན་དབྱི་ཏའོ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།གྲོས་མོལ་གྱི་གྲོས་གཞི་ནི་ལྷོ་བྱང་ཕྱོགས་གཉིས་ཀ་སོ་སོས་བཏོན་རྗེས།ཕན་ཚུན་གྲོས་སྡུར་བྱེད་རྒྱུ་ཡིན་ལ།ཁ་བྲལ་དུ་སོང་བའི་གཉེན་ཉེ་སླར་འཛོམས་ཀྱི་བྱ་འགུལ་ལས་གཞན།ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་དང་།ཅིན་ཀང་རི་བོའི་གནས་སྐོར་སོགས་གནད་དོན་དག་གྲོས་གཞིའི་ཁྲོད་དུ་འཇོག་སྲིད་ཟེར།
ཅིན་དབྱི་ཏའོ་ཡིས་བཤད་རྒྱུར།ཁྲའོ་ཞན་གྱིས་ཟླ་འདིའི་ཚེས་བརྒྱད་ཉིན་ནུབ་མཚོའི་དམག་དོན་ཁ་པར་སྐུད་ལམ་བརྒྱུད་དེ་ཆིན་ཝ་ཐེ་ལ་ལྷོ་བྱང་མཐོ་རིམ་གྲོས་མོལ་སྤེལ་རྒྱུའི་རེ་བ་བཏོན་པ་དང་།དེའི་རྗེས་སུ་པན་མིན་ཏེན་གྱི་འབྲེལ་གཏུག་དཔོན་པོས་གྲོས་མོལ་གྱི་དུས་ཚོད་དང་ས་ཆ།འཐུས་ཚབ་ཚོགས་པའི་ཁོངས་མི་སོགས་སྐོར་ནས་གྲོས་མོལ་ཞིབ་མོ་བྱས་རྗེས།ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་གྲོས་ཆོད་བཀོད་པ་རེད་ཟེར།  །
 
  • ལེ་ཚན་སྔོན་མ།:ཧྥ་རན་སི་དང་ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་གྱིས་དཔལ་འབྱོར་འཕར་སྣོན་དང་ནོར་སྲིད་གྲོན་ཆུང་དོ་མཉམ་ཡོང་དག
  • ལེ་ཚན་རྗེས་མ།:དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་རེས་སྐོར་གསར་པའི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེ་ཐོབ་པར་དཀའ།
  • དོ་སྣང་ཆེ་བའི་རྩོམ།