དབྱིན་ཇིའི་ཉེན་རྟོག་པའི་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-12-02

དབྱིན་ཇིའི་སུའུ་ཀི་ལན་ཉེན་རྟོག་ཕྱོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་བསྟན་དོན། སུའུ་ཀི་ལན་གྱི་ཆེས་ཆེ་བའི་གྲོང་ཁྱེར་ཀི་ལཱ་སི་ཀི་གྲོང་ཁྱེར་ལྟེ་གནས་སུ་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་ཉེན་རྟོག་པའི་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། རྨས་སྐྱོན་ལྗིད་མོ་ཕོག་པའི་རྨས་མ་བཅུ་བཞི་ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཟེར།
ཉེན་རྟོག་པའི་གྱེན་འཕུར་གནམ་གྲུ་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་གྱི་ནམ་གུང་ཀི་ལཱ་སི་ཀི་གྲོང་ཁྱེར་གྱི་ཆང་ཁང་ཞིག་གི་ཁང་ཀླད་དུ་ལྷུང་བ་དང་། གནམ་གྲུའི་ནང་ཉེན་རྟོག་དཔོན་པོ་གཉིས་དང་ཁ་ལོ་བ་གཅིག་ཡོད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། སར་ལྷུང་བའི་གྱེན་འཕུར་གནམ་གྲུ་དེའི་སྒུལ་འཁོར་ལ་ཆག་སྐྱོན་བྱུང་བ་འདྲ། སྐར་མདའ་བཞིན་དུ་བར་སྣང་ནས་ཆང་ཁང་ཞིག་ཁང་ཀླད་དུ་ལྷུང་བ་རེད། སྐབས་དེར་ཆང་ཁང་དེའི་ནང་མགྲོན་པོ་བརྒྱ་ལྷག་གིས་རོལ་དབྱངས་རུ་ཁག་གི་འཁྲབ་སྟོན་ལ་ལྟ་བཞིན་ཡོད། དོན་རྐྱེན་བྱུང་ས་ནས་མེ་སྐྱོན་དང་འགས་གཏོར་སོགས་མ་བྱུང་། རྒུད་སྐྱོབ་མི་སྣས་མྱུར་མོར་རྒུད་སྐྱོབ་བྱ་འགུལ་སྤེལ་ཏེ་ཆང་ཁང་གི་ཞིག་རོའི་འོག་ཏུ་བཅུག་པའི་མི་རྣམས་སྐྱོབ་བཞིན་ཡོད་ཟེར།
རྐྱེན་ལམ་དུ་ཤོར་བའི་མི་བརྒྱད་ཀྱི་ནང་གྱེན་འཕུར་གནམ་གྲུའི་སྟེང་གི་ཉེན་རྟོག་དཔོན་པོ་གཉིས་དང་ཁ་ལོ་བ་གཅིག་བཅས་ལས་གཞན། མི་ལྔ་ནི་གྱེན་འཕུར་གནམ་གྲུ་ལྷུང་སའི་ཆང་ཁང་ནང་གི་མགྲོན་པོ་རེད།
མིག་སྔར་རྒུད་སྐྱོབ་མི་སྣས་སྔར་བཞིན་རྒུད་སྐྱོབ་བྱ་བ་སྤེལ་ཏེ་ཆང་ཁང་གི་ཞིག་རོའི་འོག་ཏུ་མ་མནན་ཡོད་མེད་ལ་བརྟག་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འབྲེལ་ཡོད་ཕྱོགས་ཀྱིས་གྱེན་འཕུར་གནམ་གྲུ་དེ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
དབྱིན་ཇིའི་རྒྱལ་མོ་དབྱི་ལེ་ཧྲ་པེ་སྐུ་ཕྲེང་གཉིས་པས་དོན་རྐྱེན་དེར་སེམས་ཁུར་བྱེད་བཞིན་ཡོད་པ་དང་འདས་པོར་མྱ་ངན་ཞུས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་དོན་རྐྱེན་དེ་ནི་ཆགས་འཇིག་རང་བཞིན་གྱི་དོན་རྐྱེན་ཞིག་ཡིན་པར་བཤད་པ་དང་། འདས་པོའི་ཁྱིམ་མི་དང་རྒུད་སྐྱོབ་མི་སྣར་འཚམས་འདྲི་བྱས།
 
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་རོ་མ་ནི་ཡ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས།
  • ལེ་ཚན་རྗེས་མ།:རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་ཁག་ཅིག་ས་ཁོངས་གཞན་ནས་མེ
  • དོ་སྣང་ཆེ་བའི་རྩོམ།