ཞི་ཅིན་ཕེན་གྱིས་ཝུའུ་ཙི་པེ་ཁི་ཐིན་སི་ཐན་གྱི་ཙུང་ཐུང་ཁ་ལིས་མའོ་ཧྥུའུ་དང་གླེང་མོལ་མཛད་པ།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-09-11
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ9བའི་ཚེས9ཉིན་ཐ་ཧྲི་ཀན་གྲོང་ཁྱེར་ནས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལིས་མའོ་ཧྥུའུ་དང་གླེང་མོལ་མཛད།རྒྱལ་ཁབ་གཉིས་ཀའི་མགོ་གཙོས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ།ལྟ་བ་ཡོངས་ཁྱབ་ཏུ་གཅིག་མཐུན་བྱུང་བ་དང་།ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་དང་ཇེ་ཟབ་ཏུ་གཏོང་རྒྱུ་ཐག་བཅད།
ཞི་ཅིན་ཕེན་གྱིས་ཝུའུ་ཙི་པེ་ཁི་སི་ཐན་ནི་ཨེ་ཤ་ཡ་དབུས་མའི་མཐའ་རུ་ཆགས་པའི་ཆབ་སྲིད་ཀྱི་ལྟེ་གནས་ཡིན་པ་དང་།དར་གོས་ཚོང་ལམ་གྱིས་གནའ་ནས་བཟུང་ཀྲུང་གོ་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་གཞི་གཅིག་ཏུ་སྦྲེལ་བ་དང་།རྒྱལ་ཁབ་གཉིས་འཐབ་ཇུས་གྲོགས་པོ་གཙོ་བོར་གྱུར་ཡོད།རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་གསར་བ་བྱུང་བ་དང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བའི་དགོས་མཁོའི་མདུན་དུ།ཕྱོགས་གཉིས་ཀས་རྒྱང་རིང་ལ་དམིགས་ཏེ།སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱས་ཏེ།ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་འཆར་འགོད་ལེགས་པོ་བྱེད་དགོས།ང་ཚོས«ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་མཉམ་ལས་ཆིགས་ཡིག»འགོད་པ་དང་།རྒྱལ་ཁབ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བའི་རྩ་དོན་དང་ཁ་ཕྱོགས་དེ་བཅའ་ཁྲིམས་ཚུལ་དུ་གཏན་ལ་ཕབ་ནས།ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རིམ་པ་གསར་བ་ཞིག་ཏུ་འཕར་བར་ཡར་སྐུལ་གཏོང་དགོས་ཞེས་བསྟན།
གྲོས་མོལ་གྱི་རྗེས་སུ།རྒྱལ་ཁབ་གཉིས་ཀའི་མགོ་གཙོས«ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་སྒྲོག་གཏམ»དང་།«ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་མཛའ་མཐུན་མཉམ་ལས་ཆིགས་ཡིག»སྟེང་མིང་བཀོད་པ་དང་།དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས།དངུལ་གཏོང་།རྒྱ་ཡིག་སློབ་ཁྲིད་སོགས་མཉམ་ལས་ཡིག་ཆ་མང་པོའི་སྟེང་མིང་འགོད་པར་བདེན་དཔང་བྱས།
གྲོས་མོལ་གྱི་སྔོན་ལ།ཁ་ལིས་མའོ་ཧྥུའུ་ཡིས་ཞི་ཅིན་ཕེན་ལ་དགའ་བསུའི་མཛད་སྒོ་བསྡུས། །