ཕྱུག་བློ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-08-30
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ནས་ཚེས28ཉིན་ཡང་བསྐྱར་འགས་གཏོར་སོགས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས། ཉུང་མཐར་ཡང་མི་ལྔ་བཅུ་ང་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་བདུན་ལ་རྨས་ཕོག ཉིན་དེའི་འཇབ་རྒོལ་གཙོ་བོ་ནི་རྒྱལ་ས་པ་ཀི་ཏའི་ཧྲི་ཡེ་ཕྱོགས་ཁག་གི་མི་སྣ་འདུས་སྡོད་བྱེད་ས་ནས་བྱུང་བ་རེད།
དབྱི་རག་གི་ཉེན་རྟོག་པ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེའི་དགོང་མོར། པ་ཀི་ཏའི་ནུབ་ཕྱོགས་ཀྱི་ཡཱ་ཨར་མུའུ་ཁི་ས་ཁུལ་གྱི་མུའུ་སི་ལིན་གྱི་ཆོས་ཁང་ཞིག་གི་ཉེ་འདབས་ནས་ལམ་འགྲམ་དུ་སྦས་པའི་འགད་རྫས་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་གསུམ་བསད་པ་དང་། མི་བཅོ་བརྒྱད་རྨས། པ་ཀི་ཏའི་བྱང་ཕྱོགས་ཀྱི་ཨ་ཏི་ཧ་མུས་ཡེ་ས་ཁུལ་གྱི་ཇ་ཁང་ཞིག་ལ་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ནས། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཟེར།
ཉིན་དེའི་སྔ་དྲོར་ལམ་ནང་དུ་རླངས་འཁོར་མང་བའི་སྐབས་སུ། པ་ཀི་ཏའི་ས་ཆ་མང་པོ་ནས་ཉུང་མཐར་ཡང་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཅུ་གཉིས་བྱུང་། དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་དག་གི་ཁྲོད་ནས་ཉུང་མཐར་ཡང་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བདུན་ཅུ་ལ་རྨས་ཕོག་ཟེར།
དཔོན་རིགས་དེས་བཤད་རྒྱུར། པ་ཀི་ཏའི་ཤར་ལྷོ་ཕྱོགས་ཀྱི་ཡཱ་ཞི་ཨར་ཏེ་ཡ་ལཱ་ས་ཁུལ་གྱི་ཁྲོམ་ར་ཞིག་ལ་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག ལྷོ་ཕྱོགས་ཀྱི་མཱ་ཧ་མུའུ་ཏེ་ཡེ་ས་ཁུལ་ནས། རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་པ་ཞིག་གིས་ཟ་ཁང་ཞིག་གི་ནང་ནས་ལུས་སྟེང་གི་འགད་རྫས་བཀད་དེ་ཉུང་མཐར་ཡང་མི་ལྔ་བསད་པ་དང་། མི་བཅོ་ལྔ་རྨས། ནུབ་བྱང་ཕྱོགས་ཀྱི་ཧུའུ་ལེ་ཡེ་ས་ཁུལ་ནས། རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་ཞིག་གིས་ནང་དུ་འགད་རྫས་བཞག་པའི་རླངས་འཁོར་ཞིག་བསྐོར་ནས་ཉེན་རྟོག་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ལ་བརྡུངས་ནས། ཉུང་མཐར་ཡང་མི་གསུམ་བསད་པ་དང་མི་བརྒྱད་རྨས། པ་ཀི་ཏའི་ཧྲ་ཨ་པ་ས་ཁུལ་ད་ཅ་མེ་ལ་ས་ཁུལ། ཧྲུའུ་ལ་ས་ཁུལ། ས་ཏི་ཨར་མཁར་གྲོང་སོགས་ས་ཆ་གཞན་པ་དགུ་ནས་ཀྱང་ཉིན་དེར་རླངས་འཁོར་འགས་གཏོར་སོགས་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཉེར་དྲུག་ལ་རྨས་ཕོག་ཟེར།
དེས་མི་ཚད་པ་ཀི་ཏའི་མཐའ་འཁོར་གྱི་ལཱ་ཐིས་ཧྥེ་ཡེ་དང་མད་ཏ་དབྱིན། ཐ་ཨར་མེ་ཡེ་སོགས་གྲོང་རྡལ་དང་བྱང་ཕྱོགས་ཀྱི་ཉི་ཉི་ཝེ་ཞིང་ཆེན་གྱི་མོ་སུའུ་ཨར་གྲོང་ཁྱེར་བཅས་ནས་ཀྱང་ཉིན་དེར་འགས་གཏོར་སོགས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱད་ལ་རྨས་ཕོག །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10