མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-07-12
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས10ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཕྱོགས་མང་བོ་ནས་ལྟ་ཚུལ་གཅིག་མཐུན་བྱུང་།
གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བར་ཕྱོགས་ཡོངས་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་བྱུང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཇེ་ཆེར་གྱུར་བ་དང་གྲུབ་འབྲས་མངོན་གསལ་ཐོབ་པ་དེ་ལས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བ་དེ་ཆུ་ཚད་མཐོན་པོ་ཞིག་ཏུ་བསླེབ་ཡོད་པ་མཚོན་ཡོད། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་སྔར་ལས་ཇེ་མང་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་མཛའ་བཤེས་སྲ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་འགའ་བཏོན། གཅིག་ནི་མཐོ་རིམ་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ་མུ་མཐུད་དུ་རྒྱལ་ཁབ་རང་རང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱེད་པ་དང་། ཆབ་སྲིད་ཀྱི་ཡིད་ཆེས་ཇེ་བརྟན་དང་མཉམ་ལས་རྒྱ་བསྐྱེད་དགོས། གཉིས་ནི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཁྱད་སྟོབས་ཁ་གསབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས། གསུམ་ནི་མི་གཞུང་བརྗེ་རེས་ཇེ་མང་དུ་བཏང་ནས་མཛའ་མཐུན་འབྲེལ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བཞི་ནི་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་སྣ་མང་སྒྲིག་གཞིའི་ཁྲོད་དུ་མཐུན་སྦྱོར་དམ་པོ་བྱས་ནས། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པ་བཅས་རེད།
ཆའོ་ན་སིན་གྱིས་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བཏོན་པའི་གྲོས་གཞི་ལ་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10