ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་མཐོ་རིམ་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-06-18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་གལ་ཆེན་སྤེལ་ཏེ། ཨ་མེ་རི་ཁ་དང་མཉམ་དུ་སྲིད་གཞུང་བར་གྱི་མཐོ་རིམ་གྲོས་མོལ་སྤེལ་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན།

མགྲིན་ཚབ་པ་དེས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་དོན་ངོ་མས་སེམས་ཁུར་བྱེད་པ་དང་། ཨ་མེ་རི་ཁའི་རྒྱལ་ཁབ་རང་དང་བཅས་པའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཁག་ཐེག་བྱེད་ན། ངེས་པར་དུ་གྲོས་མོལ་ལ་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་གཏན་འཁེལ་བྱེད་མི་རུང་ཞིང་། གྲོས་མོལ་བྱེད་སྐབས་ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་དམག་དོན་གྱི་ཛ་དྲག་རྣམ་པ་ཞི་འཇགས་སུ་གཏོང་བ་དང་། འཐབ་འཁྲུག་མཚམས་བཞག་ནས་ཞི་བདེའི་རྣམ་པར་བསྒྱུར་བ་དང་། ཨ་མེ་རི་ཁས་བཏོན་པའི་ཉིང་རྡུལ་ནུས་པ་མེད་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་མང་བོར་རྒྱ་ཆེར་གྲོས་མོལ་བྱས་ཆོག་པ་དང་། གྲོས་མོལ་བྱེད་ས་དང་དུས་ཚོད་ཨ་མེ་རི་ཁས་ཐག་གཅོད་བྱས་ཆོག་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཧེ་ཏིན་གྱིས་ཚེས16ཉིན་གསལ་བསྒྲགས་སྤེལ་ཏེ། ཨ་མེ་རི་ཁས་ཁྲའོ་ཞན་དང་མཉམ་དུ་ཡིད་རྟོན་རུང་བའི་གྲོས་མོལ་བྱེད་འདོད་ཡོད་ཀྱང་། ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བརྩི་སྲུང་བྱེད་པ་དང་། མཇུག་མཐར་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པ་སོགས་རང་སྟེང་གི་འོས་འགན་ལག་བསྟར་བྱེད་དགོས་ཟེར།

ཧེ་ཏིན་གྱིས་བཤད་རྒྱུར། ང་ཚོས་ཁྲའོ་ཞན་གྱི་གཏམ་བཤད་ཙམ་མ་ཡིན་པར་དོན་དངོས་ཀྱི་བྱ་སྤྱོད་ལ་གཞིགས་ཏེ་བརྡར་ཤ་གཅོད་རྒྱུ་ཡིན་པ་དང་། ཁྲའོ་ཞན་གྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་ཁས་ལེན་དམ་བཅའ་དང་འོས་འགན་ལག་བསྟར་བཟང་བོ་བྱེད་པར་གྲ་སྒྲིག་བྱས་ཡོད་པའི་རྣམ་འགྱུར་སྟོན་དགོས་ཟེར།  །
  • ལེ་ཚན་སྔོན་མ།:རྣོ་སྦྲེང་ལགས་དབྱི་ཐ་ལི་ཨོ་སི་དཱ་ནས་ཡུམ་སྐད་རྩོམ་རིག་དུས་ཆེད་དུ་མགྲོན་འབོད་གནང་བ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་ནགས་ཚལ་མེ་སྐྱོན་ལས་མེ་གསོད་མི་སྣ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།