ཞིན་ཧྭ་གསར་འགྱུར་དྲ་བ། ཕྱུག་ལོ། 2012-11-29
ལེ་པ་ནོན་ལ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་འཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མོ་སི་ཡིས་ཚེས་ཉེར་བརྒྱད་ཉིན་པེ་རུ་ཐི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་ཡུལ་གྱུར་བར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨ་མོ་སི་ཡིས་ཉིན་དེར་ལེ་པ་ནོན་གྱི་ཙུང་ལི་མུས་ཁ་ཐིས་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་ལེ་པ་ནོན་ན་ཡོད་པའི་སི་རི་ཡའི་ཡུལ་གྱར་བའི་གནས་བབ་དང་ཡུལ་གྱར་བ་དེ་དག་ལ་རོགས་རམ་བྱེད་པ་སོགས་ཀྱི་གནད་དོན་གྱི་སྐོར་ནས་གྲོས་མོལ་བྱས།
ཨ་མོ་སི་ཡིས་ཐུག་འཕྲད་བྱས་རྗེས་ལེ་པ་ནོན་གྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཧྥ་ཝུའུ་ཨར་དང་མཉམ་དུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་སི་རི་ཡའི་རྒྱལ་ནང་དུ་མི་ས་ཡ་གཉིས་དང་འབུམ་ལྔ་ལ་འཐབ་འཁྲུག་གི་གནོད་པ་ཐེབས་ཡོད་པ་དང་། དེའི་ནང་དུ་མི་ས་ཡ་གཅིག་དང་འབུམ་ལྔ་ཡུལ་གྱར་བར་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་མངའ་ཁོངས་ཀྱི་ཡུལ་གྱུར་བར་ཟས་རིགས་སྟེར་བ་དང་སྨན་བཅོས་རོགས་སྐྱོར་སོགས་བྱེད་བཞིན་ཡོད་ལ།འཐབ་འཁྲུག་ཁྲོད་གཏོར་བརླགས་ཐེབས་པའི་སྨན་བཅོས་ལྟེ་གནས་ཡང་བསྐྱར་ལས་བཞིན་ཡོད་ཟེར།
ཨ་པ་སི་ཡིས་བཤད་རྒྱུར། སི་རི་ཡ་ན་ཡོད་པའི་ཕ་ལེ་སི་ཐན་གྱི་ཡུལ་གྱུར་བར་འབུམ་གསུམ་ལྷག་ལ་ཡང་འཐབ་འཁྲུག་གི་གནོད་པ་ཐེབས་ཡོད་ལ། སི་རི་ཡའི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་གྱུར་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་རྩ་འཛུགས་དང་རྒྱལ་སྤྱིའི་རོགས་སྐྱོབ་ལས་ཁུངས་གཞན་པས་སི་རི་ཡའི་འཐབ་འཁྲུག་ཁྲོད་གནོད་པ་ཐེབས་པའི་ཕ་ལེ་སི་ཐན་གྱི་ཡུལ་གྱར་བ་ཡོངས་རྫོགས་ལ་རོགས་སྐྱོབ་བྱེད་དཀའ་ཟེར།
ཨ་མོ་སི་ཡིས་ལེ་པ་ནོན་གྱིས་སི་རི་ཡའི་ཡུལ་གྱུར་བ་བཀོད་སྒྲིག་དང་དེ་དག་ལ་རོགས་སྐྱོབ་བྱེད་པའི་ཐད་ནས་བསྒྲུབས་པའི་བྱ་བར་གཟེངས་བསྟོད་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པ་ནོན་སྲིད་གཞུང་ལ་མ་དངུལ་གྱིས་རོགས་སྐྱོར་བྱས་ཏེ། མ་དངུལ་དེ་དག་ལེ་པ་ནོན་ལ་བྲོས་པའི་སི་རི་ཡའི་ཡུལ་གྱར་བ་བཀོད་སྒྲིག་དང་དེ་ཚོར་རོགས་སྐྱོབ་བྱེད་པའི་ཐད་བཀོལ་དགོས་པའི་འབོད་སྐུལ་བཏང་།
ཨ་མོ་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པ་ནོན་ལ་རོགས་རམ་བྱེད་ཅི་ཐུབ་བྱེད་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་ཀྱི་ཁོངས་ཞུགས་རྩ་འཛུགས་གཞན་པ་དག་གི་ལེ་པ་ནོན་གྱི་རྒྱབ་རྩ་བརྟན་པོ་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10